top of page
Search

“གདོས།”

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Feb 1, 2021
  • 1 min read

(དཔྱད་གཞི་ཙམ་དུ་བཀོད་པ་ལས་མཁས་རྒན་དག་ལ་མ་གུས་པ་སོགས་ནི་གཏན་ནས་མིན་ནོ།།)

ree
  • གདོས་ཟེར་བ་འདི་ཁ་སྐད་དང་བསྟན་བཅོས་ཀྱི་སྐད་གཉིས་ཀ་རེད། ངས་ཤེས་ཚོད་ལ། ཐ་སྙད་འདི་མདོ་སྨད་ཀྱི་ཡུལ་སྐད་ནང་ཧ་ཅང་རྒྱུགས་ཆེ། ས་གཞན་གྱི་སྐད་ལ་ནི་རྒྱུས་དེ་ཙམ་མེད།

  • ཆོས་རའི་ནང་ཤ་རུས་གདོས་བཅས་ཀྱི་ཕུང་པོའམ་ལུས་པོ་ཞེས་ཡང་ཡང་ཟེར་ཞིང་གོ་ན་ཡང་། གདོས་བཅས་ཟེར་བའི་ཚིག་དོན་ལ་རྩད་གཅོད་མཁན་ཉུང་། སྐད་ཆ་འདི་ལ་ཞུ་ཧམ་ཆེ་སོང་མ་དགོངས་རོགས།

  • འོ་ན། གདོས་ཞེས་པའི་དོན་ཅི་ཡིན་ནམ་སྙམ་ན། དེ་ནི་སྤྱིར་དཀའ་ངལ་ལ་འཇུག་ཅིང་། སྐབས་སྟོབས་ཀྱི་དབང་གིས་དཀའ་ངལ་སྣོན་མ་དང་ཕན་ལས་གནོད་དུ་གྱུར་པ་ལ་འཇུག་པའི་སྐབས་ཤིན་ཏུ་མང་། ཡང་། “དེང་སང་བྱིས་པ་དང་ལོ་ལོན་ཚོ་ཁུར་བོ་ལ་བསམས་ནས་མི་འདོད་པ་བྱེད་མཁན་མང་།” ཞེས་པ་ལྟ་བུར་བསམས་ན། འདིའི་ཁུར་རམ་ཁུར་བོ་ཞེས་པ་དང་གདོས་ཞེས་པ་གཉིས་དོན་གཅིག་རེད།

  • གོང་གི་དཔེར་བརྗོད་དང་། ཆོས་སྐད་དུ། ཤ་རུས་གདོས་བཅས་ཀྱི་ཕུང་པོ་འདི་མ་སྤངས་ཀྱི་བར་དུ་བདེ་བ་མེད། ཅེས་དང་། ཁ་སྐད་དུ། ལམ་ཐག་རིང་པོར་འགྲོ་དུས་བྱིས་པ་ཁྲིད་ན་གདོས་ཡིན། ཞེས་སོགས་དཔེར་བརྗོད་ཅི་མང་དང་འབྲེལ་ནས་བསམ་གཞིག་བྱས་ན་མི་ཤེས་རྒྱུ་ཆེན་པོ་མེད།

  • དུང་དཀར་ཚིག་མཛོད་དུ། “རྒྱའམ་དྲ་བའི་མིང་སྟེ། <<ཏུན་ཧོང་གཏེར་ཡིག>>གནའ་བོའི་བོད་ཡིག་ཤོག་དྲིལ་ལས་དོན་མ་རིག་པ་ནི་གཏི་མུག་འཁྲུལ་བའི་སྒྲ་ཞེས་བྱ་སྟེ་ཉོན་མོངས་པའི་བག་ཆགས་ཀྱི་སྐྱོན་ཐམས་ཅད་ཅིག་ཅར་བྱུང་བས་འཁོར་བའི་གདོས་ཡིན་ནོ། །ཞེས་གསལ།” ཞེས་བྲིས་འདུག་སྟེ། འོན་ཀྱང་། འདིའི་འཁོར་བའི་གདོས་ཞེས་པ་འཁོར་བའི་རྒྱའམ་དྲ་བ་ཞེས་བཀྲལ་ན་འདྲ་ཆགས་པོ་འདྲ་ཞིག་ཏུ་སྣང་ཡང་། དོན་ལ་ནི་དེ་ལྟ་མིན་པར་སྣང་།

  • བོད་རྒྱ་ཚིག་མཛོད་ཆེན་མོར། “1. བེམ་པོའི་ཆར་གྱུར་པའི་གཟུགས་ཀྱི་བོངས། ཤ་གདོས་ཆེན་པོ། ཇ་སྒམ་གདོས་ཆེན་པོ། བུ་རམ་རྩྭ་སྒོར་གདོས་ཆུང་བ། 2. རྒྱ་དང་དྲ་བ།” ཞེས་པའང་། གོང་མཚུངས་ལྟར་མཐོང་ངོ་།།

  • དག་ཡིག་གསར་བསྒྲིགས་སུ། “བོངས་དང་ལྗིད་ཚད་ཆེ་བ་སྟེ། གདོས་བཅས། ཤ་རུས་གདོས་བཅས་ཀྱི་ལུས། ལམ་ཆས་མང་ན་ལམ་ལ་འགྲོ་མཁན་གྱི་གདོས་ཡིན་ལྟ་བུ།” ཞེས་པ་ལ་ཡང་། དཔེ་དོན་གཉིས་ལ་ཞིབ་ཏུ་བསམས་ན་དེ་བས་ཀྱང་མོས་མཐུན་ཞུ་དཀའ་བར་མཐོང་སྟེ། དེ་ལྟར་ན། ཚིག་མཛོད་དག་གིས་ཞིབ་ཏུ་མ་བསམས་པར་སྣང་ངོ་།།

  • མདོར་ན། ཞིབ་ཏུ་དཔྱོད་པའི་སྐབས་བདག་ལ་མ་བྱུང་ཡང་། གློ་བུར་གྱི་འཆར་ཚོད་ལྟར་ན། གདོས་ཞེས་པ། བོངས་སམ། ལྗིད་ཚད་དང་བོངས་ཆེ་བ་ལ་མི་འཇུག་ཅིང་། རྒྱའམ་དྲ་བ་ལ་ཡང་མི་འཇུག་གོ་སྙམ་དུ་སེམས་ཏེ། ང་ནི་འདི་ལྟར་སྨྱོ་ཧམ་ཆེ། དེས་ན། དཔྱོད་ལྡན་དག་གིས་དགོངས་ཚུལ་གསུང་རོགས།

 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

1 Comment


落 旦曲
落 旦曲
Nov 25, 2021

ད་བར་དུ་་མཉམ་མ་བཞག་་་་་་ཁྱོས་དེ་མོ་དེ་མ་བྱེད་ར་་་ང་གདོས་རེད་་་ཟེར་བ་ལྟ་བུ་ཕ་ཡུལ་གྱི་སྐད་ཆའི་ནང་དུ་མང་པོ་ཡོད།

Like
Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page