top of page
Search
  • Writer's pictureཤེས་རབ་དར་རྒྱས། Sherab Dharge

གཞིས་བཞུགས་རྩོམ་པ་པོ་ཚོ་ཡིད་ནས་མ་བརྗེད།

Updated: Oct 14, 2022

--སུས་ཀྱང་མ་བཅོལ་བའི་མྱི་འཁྱམ་ཞིག་གི་ལས་ཀ།

ཤེས་རབ་དར་རྒྱས།

ལོ་མང་གོང་བྱུང་བའི་གནས་ཚུལ་ཞིག་ཡིག་འགོད་བྱེད་སྙམ་སྟེ་འབྲི་རྩིས་ཐེངས་འགར་བྱས་ཀྱང་། སྐབས་རེར་འབྲི་འདུན་བྱུང་ཡང་ལས་བྲེལ་ཆེ་བ་དང་། མཚམས་རེར་ལས་བྲེལ་ཆུང་ཡང་འབྲི་འདུན་མ་བྱུང་བའི་ངང་ནས་ལོ་བཅོ་ལྔ་ཏག་ཏག་འདས། སྤྱིར་ངའི་མི་ཚེའི་ནང་འབྲི་དགོས་པའི་གནས་ཚུལ་ཧ་ཅང་མང་ལ། དེ་དག་མ་ཤི་གོང་ཡིག་འགོད་བྱེད་འདོད་ཀྱང་ཧ་ཅང་ཆེ། རང་ཉིད་ཀྱི་བྱ་བྱེད་དང་འབྲེལ་ཏེ་དུས་སྐབས་ཤིག་གི་འབྲེལ་ཡོད་སྤྱི་ཚོགས་ཧྲིལ་པོའམ། གནས་བབ་ཆ་ཚང་ངམ། དོན་གནད་ཚང་མ་མཚོན་ཐབས་བྱེད་པ་ནི་འཛམ་གླིང་རྩོམ་རིག་གི་སྡེ་ན་འགྲོ་རྒྱུགས་ཤིན་ཏུ་ཆེ་བ་ཞིག་རེད།

སྤྱི་ལོ་ 2015 ལོར་རྒྱལ་བའི་མཛད་རྣམ་འབྲི་སྐབས། ཞབས་མཆན་ཞིག་ཏུ། “ཁོ་བོས་ 2005 ལོའི་དགུན་ཁར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། དུས་རབས་གསར་པའི་བསམ་གཞིག་གི་རླབས་ཁ་མངོན་པར་མཐོ་བ་རྩོམ་པ་པོ་ཞོགས་དུང་དང་ན་གཞོན་རྩོམ་པ་པོ་འགའ་ཞིག་གིས་བྲིས་པའི་དཔེ་དེབ་དུ་མ་དང་བཅས། བོད་གཞོན་རྩོམ་པ་པོ་དག་གི་བསམ་བློའི་སྟོབས་ཤུགས་དང་བོད་ལ་བཅངས་པའི་ལ་རྒྱ། སྐུ་ཞབས་དོན་འགྲུབ་རྒྱལ་གྱི་སེམས་ཤུགས་སྙིང་སྟོབས་དང་མི་ཚེའི་ཆག་སྒོ། གཞོན་རབས་རྩོམ་པ་པོ་དེ་དག་ལ་བཟུང་བའི་སྤྱི་ཚོགས་ཀྱི་ལྟ་ཚུལ་སོགས་ཆེས་བསྡུས་ཏེ་ཡིག་ཐོག་ནས་ཕུལ་བར། གཟིགས་ཞིབ་མཛད་བཞིན་པའི་བཀའ་ལན་འབྱོར།” ཞེས་ཟུར་ཙམ་ཞིག་བྲིས།

​ བདག་ལ་མཚོན་ན། སྤྱི་ལོ་ 2005 ལོ་དེ་ནི། སྤྱི་ཚོགས་ཀྱི་ཉོག་ཟིང་ལ་ཡིད་བསུན་ཏེ་སེམས་བག་ལྷོད་ལ་ཕབ་པའི་དུས་སྐབས་ཤིག་ཡིན། སྐབས་དེའི་ལས་ཀ་ནི་ཕྱི་གླིང་བ་ཚོར་སློབ་ཁྲིད་བྱེད་རྒྱུ་དང་། གྲོགས་པོ་དག་དང་ལྷན་དུ་སྤྲོ་གསེང་གཏོང་རྒྱུ། ཇ་ཁང་མདུན་དུ་བག་ཡངས་སུ་སྡོད་རྒྱུ་བཅས་ཡིན། ལོ་ཤས་རིང་དེ་ལྟར་བསྡད།

ང་ཕྱིར་རྡ་རམ་ས་ལར་ཡོང་སྟེ་ནོར་བུ་གླིང་ཁར་ཁུ་སིམ་མེར་བསྡད་པ་ལ། འགའ་ཞིག་གིས་དམིགས་ཡུལ་ངེས་ཅན་ཞིག་ཡོད་རྒྱུ་རེད་ཟེར་བ་དང་། ལ་ལས་(སྤྱི་འཐུས་སོགས་)ཆབ་སྲིད་ཀྱི་སྟེགས་བུར་འཛེག་འདོད་པ་རེད་ཟེར་བ། ཡང་གྲོགས་པོ་འགས་མངོན་མེད་དུ་སྡོད་པ་ཅི་ཡིན་ནམ་ཟེར་བ་སོགས་ཚོད་དཔག་སྣ་ཚོགས་བྱས་པར་མ་ཟད། དངོས་སུ་འདྲི་མཁན་ཡང་བྱུང་། ཁོང་ཚོས་དེ་ལྟར་མཁྱེན་འདོད་གནང་བ་ནི། མི་རྣམས་ཀྱིས་སྒོར་མོ་འབུམ་ཕྲག་འགའ་རེ་སྤྲད་དེ་ཨ་རི་སོགས་ནུབ་ཕྱོགས་སུ་འགྲོ་བཞིན་པའི་སྐབས་དེར་ངས་ཡོད་ཚད་བློས་བཏང་ནས་ཕྱིར་ཡོང་བ་ཁོ་ནའི་སྟབས་ཀྱིས་རེད། ཁོང་ཚོར་མཚོན་ན། ངའི་བྱེད་སྟངས་དེ་ནི་ཡིད་ཆེས་དཀའ་བ་ཞིག་རེད་ལ། ངོ་ཤེས་ཉུང་ཤས་ཀྱིས་“ཁྱོད་སྨྱོན་པ་རེད་”ཟེར་བ་ཡང་བྱུང་།

ངོ་མ་བཤད་ན། ངས་ནུབ་ཕྱོགས་གཡུགས་པའི་རྒྱུ་མཚན་ངོ་མ་ཅི་ཡིན་ངས་ཀྱང་མི་ཤེས། ཨ་རིར་བསྡད་ན། ཟས་གོས་གནས་མལ་དང་། འགྲོ་འདུག་སྤྱོད་གསུམ་སོགས་གང་ཐད་ནས་ཧ་ཅང་སྟབས་བདེ་ལ། ཨ་རིའི་དམངས་གཙོའི་སྲིད་ལུགས་ཀྱིས་སྤྲད་པའི་རང་དབང་ནི་རྒྱལ་ཁབ་གཞན་དང་བསྡུར་ས་མེད་པས། རྒྱལ་ཁྲིམས་དང་མི་འགལ་བའི་གནས་ཚུལ་ཅི་ཞིག་བཤད་ཀྱང་། ཅི་ཞིག་བྲིས་ཀྱང་། ཅི་ཞིག་བསྒྲུབས་ཀྱང་། ཇི་ལྟར་འཚོ་ཡང་། ཉེན་ཁ་གཏན་ནས་མེད་ཅིང་། མི་སྒེར་གྱི་བདེ་འཇགས་དེ་ཧ་ཅང་གཙིགས་ཆེར་འཛིན། འོན་ཀྱང་། ངའི་ལྟ་སྟངས་དང་མཐོང་ཕྱོགས་ནི་གཞན་ཞིག་རེད། མིའི་མི་ཚེ་ཞིག་དེ་ལྟར་རྫོགས་དགོས་ན་ཇི་འདྲའི་ཕངས་ཨང་སྙམ་པ་ཡང་ཡང་བྱུང་། གང་ལྟར་ཡང་། ཨ་རིར་གཏན་དུ་བྲལ་ཏེ་ཕྱིར་ཡོང་འདོད་ཀྱི་ཚོར་བ་དྲག་པོ་ཞིག་གིས་ང་ཨ་རིར་སྡོད་དུ་མ་བཅུག །དེ་ནི་ལས་དབང་ཟེར་བ་དེ་ཡིན་ཡང་སྲིད་ལ། དེ་མིན་ན། རྒྱབ་ལོགས་ན་འབུད་རྒྱག་གཏོང་མཁན་གཞན་ཞིག་ཡོད་ཀྱང་སྲིད། དེའི་གནས་ཚུལ་ངོ་མ་ད་དུང་ཡང་མི་ཤེས། ཤེས་པ་ནི་འདམ་ག་དེ་ནོར་མེད་པ་དེ་ཡིན།

སྤྱི་ལོ་ 2005 ལོར་ཐའི་ཝན་ཆོས་ཞུ་བ་ཚོས་གསོལ་འདེབས་ཕུལ་བ་ལྟར། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་བླ་མ་བློ་བཟང་གྲགས་པས་མཛད་པའི་ལམ་རིམ་འབྲིང་པོའི་བཀའ་ཁྲིད་རྨད་དུ་བྱུང་བ་ཞིག་སྩལ་བར་བློ་དང་རྣ་བ་གཉིས་ཀ་བསྒྲིམས་ཏེ་ཉན། མི་ཚེའི་ནང་ཆོས་ཀྱི་བྲོ་བ་དེ་ལས་ཆེ་བ་ཞིག་མྱངས་པ་མི་དྲན། དེ་ལྟར་སེམས་ལ་བདེ་སྣང་སྐྱེས་ཐེངས་རེ་རེ་དང་། གནད་དོན་ངོ་འཕྲོད་ཐེངས་རེ་རེར་ངའི་སེམས་པ་ཡང་ཡང་བོད་དུ་ཕྱོགས་ནས་བསམ་གཞིག་མང་དུ་བྱས། ཁོང་ཚོར་ཡང་འདི་ལྟ་བུའི་དུས་ཚོད་བཟང་པོ་ཞིག་བྱུང་ན་ཅི་མ་རུང་སྙམ་པ་དང་།ཡང་། ཞལ་གསལ་ཞིང་གནའ་དེང་གི་ཁྲིད་སྲོལ་གཉིས་ཀ་ལྡན་པའི་བཀའ་ཆོས་འདི་ལྟ་བུ་ཞིག་བླ་མ་གཞན་གྱིས་གནང་མི་ཐུབ་ལ། འདི་ལྟ་བུ་ཉན་པའི་སྐལ་བ་ཐོབ་རྒྱུ་ཡང་ལས་སླ་མོ་ཞིག་གཏན་ནས་མིན་སྙམ་དུ་ཡང་བསམས།

བཀའ་ཆོས་དེ་ཉིད་གྲུབ་ནས་ཡུན་རིང་མ་སོང་བར་སྙན་ཞུ་ཞིག་བྲིས་ཏེ་སྐུ་སྒེར་ཡིག་ཚང་དུ་ཕུལ། ཡི་གེའི་ནང་རྒྱལ་བའི་བཀའ་ཆོས་ཡིག་འབེབས་དང་འབྲེལ་བའི་གནས་ཚུལ་སྐོར་ཞིག་བཀོད་ཡོད། དེ་ནི་སྐྱེ་བོ་སྒེར་པ་ཞིག་གི་ལྟོ་གོས་གནས་མལ་གྱི་དོན་གཏན་ནས་མིན་ལ། མིང་དང་ལས་གནས་ཤིག་བྱུང་ན་སྙམ་པ་ནི་དེ་བས་ཀྱང་མ་རེད། རྡ་རམ་ས་ལ་ལྟ་བུའི་སྤྱི་ཚོགས་སུ་གོ་གནས་དང་ཐོབ་དབང་། རྒྱུ་འབྱོར་དང་བརྟེན་ཁུངས་སོགས་གང་ཡང་མེད་པའི་མི་དཀྱུས་མ་ཚོས་ལས་དོན་བཟང་པོ་ཞིག་སྒྲུབ་འདོད་ཡོད་ཟེར་ན་སུས་ཡིད་ཆེས་བྱེད། དེའི་སྟབས་ཀྱིས། ལས་དོན་མང་པོ་ཞིག་རང་བཞིན་གྱིས་ཁེ་ལས་དང་གཡོ་ཇུས་ཀྱི་ངོ་བོར་མཐོང་ཞིང་བསྒྱུར་འགྲོ་བ་ཡིན། འདི་ལ་ཤོད་རྒྱུ་མང་ཡང་སྐབས་དོན་མིན།

ཤར་ཕྱོགས་ཀྱི་སྤྱི་ཚོགས་ཕལ་མོ་ཆེའི་ནང་། བྱ་བ་ལ་གྲུབ་འབྲས་ཐོན་དགོས་ན། ལས་དོན་ལ་ལམ་འགྲོ་རྒྱུག་དགོས་ན། འདོད་དོན་རྣམས་ལག་ལེན་དུ་འཁྱོལ་འདོད་ན། ཕྱི་ནང་གི་ཆ་རྐྱེན་གཉིས་ངེས་པར་དུ་ཚང་དགོས། ཕྱིའི་ཆ་རྐྱེན་ནི་རྒྱབ་རྟེན་གྱི་དཔུང་དང་མཐོ་སའི་འབྲེལ་བ་གཉིས་རེད་ལ། ནང་གི་ཆ་རྐྱེན་ནི་སྤྲེལ་ལད་དང་འཁྲབ་སྟོན་གཉིས་རེད། གནས་སྟངས་དེའི་འོག་ནས། མི་དཀྱུས་མ་མང་པོ་ཞིག་ཁུ་སིམ་མེར་ལྟོ་རྒྱབ་གཉིས་འགྲིག་ཙམ་གྱི་ངང་དུ་གནས་ཡོད།

སྙན་ཞུ་དེ་ལྟ་བུ་ཞིག་ཡིག་ཐོག་ནས་ཕུལ་བ་ནི་འགྲོ་ལུགས་སམ་བཟང་སྤྱོད་དང་མི་འགལ་བའི་ཆེད་ཙམ་ལས་གཞན་མིན། འོན་ཀྱང་། ལམ་སྟོན་གྱི་བཀའ་ལན་ནི་མ་བྱུང་། དེར་བརྟེན། བཀའ་ལན་མ་འབྱོར་བ་དེ་ཉིད་དགག་བྱ་མ་གནང་བར་ངོས་འཛིན་ཞུ་རྒྱུ་མ་གཏོགས། བསྒུགས་ཏེ་བསྡད་ན་ཅི་ཙམ་འགོར་ཡང་རེ་སྟོང་ཙམ་ལས་གཞན་དུ་མི་འགྱུར། ང་ལ་མཚོན་ན། རྒྱལ་བའི་བཀའ་ཆོས་ཡིག་འབེབས་ཞུས་པ་ལ་བརྟེན་ནས་དངུལ་དངོས་རོགས་སྐྱོར་སོགས་ཐོབ་ཡོང་སྙམ་པའི་སྲེད་པ་དང་རེ་དོགས་སོགས་གང་ཡང་མེད། བྱེད་འདོད་པ་ནི། རྒྱལ་བའི་བཀའ་ཆོས་དེ་ཉིད་ཚིག་འབྲུ་རེ་རེ་བཞིན་ཡིག་འབེབས་བྱས་ཏེ། མཐར་ཡི་གེ་རྣམས་བརྙན་གྱི་གཤམ་དུ་འཆར་ཐུབ་པ་ཞིག་བཟོ་རྒྱུ་དང་། དེ་དང་འབྲེལ་ཏེ་བསྟན་བཅོས་ཀྱི་རྣམ་པ་ཐོན་པའི་གསུང་འབུམ་ཕྱག་དཔེ་ཞིག་པར་སྐྲུན་ཞུ་རྒྱུ་དེ་ཙམ་རེད། དེ་ལྟར་བྱེད་འདོད་པ་ཡང་གཞིས་ལུས་བོད་མི་རྣམས་ལ་དམིགས་པ་ལས་གཞན་མིན། བསྟན་བཅོས་ཀྱི་རྣམ་པ་ཐོན་པ་ཞེས་པ་ནི། ཕལ་སྐད་ཀྱི་ལྷད་མ་འདྲེས་པའམ་དེའི་འགྲོས་ཡོངས་སུ་དོར་ཏེ། ངས་ལན་དུ་མར་ཀློག་མྱོང་བའི་རྒྱལ་བ་བློ་བཟང་གྲགས་པ་དང་ཁྲི་ཆེན་བསྟན་པ་རབ་རྒྱས་ཀྱི་གསུང་ཟིན་བྲིས་ལྟར་དངོས་སུ་ལྗགས་རྩོམ་མཛད་པ་ལྟ་བུའི་རྣམ་པ་ཐོན་པ་ལ་ཟེར་བ་ཡིན།

དེ་ལྟར་སྤྱི་ལོ་ 2005 ཟླ་ 7 ཚེས་ 25 ཡི་ཉིན་གུང་ནས་མགོ་བཙུགས་ཏེ། དེའི་ཟླ་ 12 ཚེས་ 1 ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ དང་སྐར་མ་ ༧ གྱི་ཐོག་ལམ་རིམ་འབྲིང་པོའི་བཀའ་ཆོས་རིང་མོ་དེ་ཉིད་ཚིག་འབྲུ་གཅིག་ཀྱང་མ་ཆད་པར་ཡིག་རིས་སུ་ཕབ་སྟེ་ཡོངས་སུ་གྲུབ་པར་བྱས། དུས་སྐབས་དེར། ངས་ཐོས་བསམ་གླིང་ཞེས་པའི་ཕྱི་གླིང་བའི་ཤེས་ཡོན་བསྟི་གནས་སུ་དགེ་རྒན་གྱི་ལས་དོན་གཉེར་བཞིན་ཡོད། དགའ་སྣང་དང་དུང་བ་ཁོ་ན་བྲང་ཁོག་ཏུ་བསྐྱིལ་ཏེ་ཡིག་འབེབས་བྱེད་དུས། ཞོགས་པའི་ཆུ་ཚོད་བཞི་པ་ཙམ་ལ་མལ་ལས་ལངས་པའང་ཐེངས་མང་བྱུང་། དེ་ནི་སྔ་དྲོ་སློབ་ཁྲིད་བྱེད་པར་འགྲོ་དགོས་པ་དང་ཕྱི་དྲོ་ཇ་ཁང་གི་སྒོ་རའི་ནང་ལྷོད་དལ་དུ་སྡོད་ལོབས་སུ་སོང་བའི་སྟབས་ཀྱིས་རེད།

ཡིག་འབེབས་བྱས་པའི་དུས་ཡུན་དེའི་མགོ་ནས་མཇུག་གི་བར་དུ་གཞིས་བཞུགས་བོད་མི་རྣམས་སེམས་ལ་མ་ཤར་བའི་ཉི་མ་གཅིག་ཀྱང་ཕལ་ཆེར་མེད་ལ། འབྱུང་འགྱུར་དེ་དག་ལ་ཕན་ཞིག་ཐོགས་ཡོང་སྙམ་པ་ཡང་སེམས་ནས་མ་ཡལ། འོན་ཀྱང་། དམིགས་ཡུལ་དེ་མངོན་དུ་འགྱུར་བ་ལ་ཆ་རྐྱེན་འགའ་ཞིག་ངེས་པར་དུ་ཚང་དགོས་པས་ལས་སླ་མོ་ཞིག་མ་རེད། རང་ཉིད་ལ་ཡང་འཚོ་ལས་ཀྱི་བྲེལ་བ་ཅུང་ཟད་ཆེ་བས་དེ་ཁོ་ནའི་དོན་དུ་འབད་རྒྱུ་དཀའ་མོ་ཡིན། དེའི་བར་དུ་དོན་དག་གཞན་ཞིག་ཀྱང་བྱུང་བ་འདིར་བརྗོད་དགོས་པར་མ་མཐོང་། དེ་ལྟར་ལོ་མང་འདས་རྗེས། ཡིག་འབེབས་ཟིན་པ་དེ་ཉིད་ཆ་ཚང་འབྲེལ་ཡོད་སྡེ་ཁག་ལ་ཕུལ། དེ་ནས་བཟུང་དེའི་ཕྱོགས་ལ་བསམ་བློ་ཙམ་ཡང་མ་བཏང་།

རང་ཉིད་བོད་ཡིག་འབྲི་མཁན་ཞིག་དང་བོད་ཡིག་ཀློག་མཁན་ཞིག་ཡིན་པའི་ངོས་ནས་བཤད་ན། བོད་ནང་གི་རྩོམ་པ་པོ་དང་ཤེས་ཡོན་པ་ཚོར་དམིགས་བསལ་གྱིས་དོ་སྣང་སྤྲད་པ་ནི་ཐེངས་གཅིག་གཉིས་ཤིག་མིན། རང་ལ་ནུས་པ་མེད་ཀྱང་དེ་དག་ལ་སེམས་འཁུར་བྱེད་དགོས་པ་ངས་ཤེས། སྐབས་དེར་སེམས་འཁུར་བྱེད་ས་གཙོ་བོ་ནི། ལ་རྒྱའི་སེམས་ཤུགས་ཀྱི་མེ་དཔུང་བྲང་ཁོག་ཏུ་སྦར་ཏེ། ཚ་དབལ་དབལ་གྱི་མེ་རླབས་སྣ་ཚོགས་ཁ་ནས་འདོན་མཁན་དག་ཡིན།

སྤྱི་ལོ་ 2006 ཟླ་ 1 ཚེས་ 13 དང་ 14 གཉིས་ལ་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆགས་པའི་གནས་མཆོག་ཏུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་སྩལ་བ་མི་མང་པོས་ད་དུང་བརྗེད་མེད། དེ་ལ་ཡོངས་གྲགས་སུ་ཨ་མ་ར་ཝ་ཏིའི་(Amaravati)དུས་འཁོར་དབང་ཆེན་ཟེར། སྤྱི་ལོ་ 2005 ལོའི་ལོ་མཇུག་དུས་འཁོར་དབང་ཆེན་ཞུ་བར་མ་སོང་གོང་། ངས་ལྡི་ལིའི་དཔེ་ཚོང་ཁང་ཞིག་ནས་དཔེ་དེབ་བཞི་ལྔ་ཞིག་མངགས་ཉོ་བྱས་པ་རྡ་རམ་ས་ལར་འབྱོར། གྲངས་ཀ་སོགས་ད་ལྟ་ཇི་བཞིན་མི་དྲན། དཔེ་དེབ་དེ་དག་བོད་ནས་བླངས་པ་ཡིན་པས་གོང་ཚད་ཀྱང་ཅུང་ཟད་ཆེ། དེ་དག་ནི་རྩོམ་པ་པོ་གྲགས་ཅན་ཞོགས་དུང་སོགས་ཀྱིས་བྲིས་པའི་དཔེ་དེབ་གསར་པ་རྐྱང་རྐྱང་རེད།

དཔེ་དེབ་དེ་དག་ཅིའི་ཕྱིར་ཉོས་པ་ང་མ་གཏོགས་གཞན་སུས་ཀྱང་མི་ཤེས་ལ། བཤད་ཀྱང་མ་བཤད། དཔེ་དེབ་དག་གི་རྒྱབ་ཤོག་དང་ནང་ངོས་གཉིས་ལ་ནག་ནོག་ཅུང་ཟད་ཀྱང་མི་འགོས་པར་བྱས་ཏེ་ཚར་རེ་རེ་བཀླགས། གནད་དོན་འགའ་ཞིག་གི་ཐད་ཤོག་འཛར་བཏགས་ཤིང་། ཡིག་ཕྲེང་གི་གཤམ་དུ་རྟགས་འཐེན། དེ་ལྟར་བྱས་པ་ཅིའི་དོན་དུ་ཡིན་ནམ་སྙམ་ན། གཟིགས་བདེ་བའི་སླད་ཡིན། འོ་ན། སུས་གཟིགས་དགོས་སམ། གལ་ཏེ་ངས་གསལ་པོར་བཤད་ན། ཁྱེད་ཀྱིས་ང་ལ། མི་ཁྱོད་ཧམ་པ་ཆེ་བ་ལ་ཨང་གསུང་སྲིད་ཀྱང་། རྩོམ་ཡིག་འདི་འབྲི་དགོས་པ་ནི་དེ་ཤོད་པའི་ཆེད་ཁོ་ན་ཡིན་པས་མི་ཤོད་ཀ་མེད་ཡིན། དེ་ནི་རྒྱལ་བ་རིན་པོ་ཆེ་རེད།

སྐབས་དེ་དུས། བོད་ཁམས་སྤྱི་དང་ལྷག་པར་དུ་བོད་ཤར་ཕྱོགས་སུ། བོད་རིགས་རྒན་གཞོན་གཉིས་སམ། གནའ་དེང་གི་སློབ་གསོ་གསར་རྙིང་གཉིས་ཀྱི་བར་དུ་བསམ་བློའི་འགལ་ཟླ་ཆེན་པོ་ཞིག་འབྱུང་བཞིན་པ་འུ་ཅག་གིས་ཤེས། དེ་ལྟ་བུའི་གནད་དོན་ཆེན་པོ་ཞིག་ཚིག་ཉུང་ངུར་བསྡུས་ཏེ་རྒྱལ་བ་རིན་པོ་ཆེར་ཞུ་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན། དེའི་ཕྱིར། བསམ་གཞིག་མང་དུ་བྱེད་དགོས་བྱུང་ལ། སྙན་ཞུ་ལ་ཡང་འབྲི་སྐྱོར་མང་དུ་རྒྱག་དགོས་བྱུང་།

མཇུག་མཐར་བོད་ནང་གི་བསམ་བློ་གསར་པ་དེ་དག་གང་ནས་བྱུང་ཚུལ་སོགས་རང་གི་འདོད་ཚུལ་ལྟར་ཚིག་ཉུང་ངུས་བྲིས་ཤིང་། སྐུ་ཞབས་དོན་འགྲུབ་རྒྱལ་གྱིས་བསམ་བློ་གསར་པ་དང་རྩོམ་རིག་གསར་པའི་སྣེ་ཁྲིད་དེ་མི་རབས་གསར་པར་ཤུགས་རྐྱེན་ཇི་ལྟར་སྤྲད་ཚུལ་དང་ཁོང་གི་ཚེ་སྲོག་ཤོར་ཚུལ་སོགས་མདོ་ཙམ་བྲིས། དེའི་རྗེས་སུ། སྐུ་ཞབས་ཞོགས་དུང་གིས་སླར་ཡང་གཞོན་རབས་སྐོར་ཞིག་གི་སྣེ་ཁྲིད་དེ་བསམ་བློ་གསར་པའི་རླབས་ཁ་དགུང་དུ་བཏེག་ཚུལ་ཅུང་ཟད་བྲིས། དེ་ནས་མཐའ་བསྡོམས་ལྟ་བུར། བསམ་བློ་གསར་པར་ཕྱོགས་པའི་དེང་རབས་པ་དག་ལ་སྤྱི་ཚོགས་ཀྱི་གནོན་ཤུགས་ཆེ་ཚུལ་ཁ་གསལ་པོས་བྲིས་ཏེ་མཇུག་བསྡུས། དེ་ནི་དཔེ་དེབ་གསར་པ་དེ་དག་རྒྱལ་བ་རིན་པོ་ཆེར་འབུལ་བའི་སྟ་གོན་རེད།

འོ་ན། རྒྱལ་བ་རིན་པོ་ཆེས་དེ་དག་མཁྱེན་མེད་དམ་སྙམ་ན། ང་ལྟར་ན། དོན་གྲུབ་རྒྱལ་གྱི་གནས་ཚུལ་སྐོར་ཞིག་མཁྱེན་ཡོད་ཀྱང་། ཞོགས་དུང་སོགས་ཀྱི་སྐོར་ནི་ཞིབ་ཏུ་མཁྱེན་མེད་སྙམ། མཁྱེན་ཡོད་བསམས་ན་ངས་དེ་ལྟར་བྱེད་དགོས་དོན་ཅི་ཡོད། ངའི་བསམ་ཕྱོགས་ཤིག་ལ། སྐབས་དེའི་བོད་ནང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནད་དོན་རྣམས་རྒྱལ་བ་རིན་པོ་ཆེར་ཞུ་མཁན་མང་ཡང་། རྩོམ་རིག་གསར་པ་དང་བསམ་བློ་གསར་པའི་སྐོར་ཞུ་མཁན་མེད་སྙམ། མ་གཞི་ནས། དེ་དག་འབྱུང་ས་གཙོ་བོ་བོད་ཤར་ཕྱོགས་ཡིན་པས། དུས་དེར་བཞུགས་སྒར་དུ་མི་རབས་གསར་པ་དག་གི་རྩོམ་ཡིག་བཀླགས་ཏེ་གནས་ཚུལ་གསལ་ཐིང་ངེར་མཁྱེན་པའི་མི་ཆེན་ཞིག་ཕལ་ཆེར་མེད་ལ། ཞིབ་ཏུ་ཤེས་པའི་མི་ཆུང་དག་གིས་ནི་ཐད་ཀར་ཞུ་མི་ཐུབ། སྔར་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ལགས་ཞལ་བཞུགས་དུས། ཁོང་ཆབ་སྲིད་ཙམ་མ་ཡིན་པའི་གནད་དོན་མང་པོར་ཐུགས་སྣང་གནང་མཁན་ཞིག་ཡིན་པས། གནས་ཚུལ་མང་པོ་ཡར་ཞུ་ཞུས་ཡོད་པ་གསལ་པོ་ཡིན་ཡང་ཁོང་ནི་ཕྱི་མར་ཕེབས་ཟིན། གཞན་ཞིག་ནི་མ་མཇལ། དེ་ལྟ་བུའི་གནས་བབ་འོག །ངས་ལས་དོན་ཞིག་མི་སྒྲུབ་ཀ་མེད་བྱུང་། དོན་བརྒྱ་ཚིག་གཅིག་གིས་བཤད་ན། ངས་དེ་ལྟར་བྱེད་དོན་ནི། བོད་ནང་གི་མི་རབས་གསར་པ་ཚོར་རྒྱལ་བ་རིན་པོ་ཆེའི་དམིགས་བསལ་གྱི་ཐུགས་འཁུར་ཞིག་ཐོབ་ན་ཅི་མ་རུང་སྙམ་པ་དེ་ཡིན།

རྒྱལ་བ་རིན་པོ་ཆེའི་གསུང་<<ནང་དོན་རིག་པའི་ནུས་སྟོབས།>> ཞེས་པའི་ནང་། “བོད་དུ་ཡོད་པའི་རྒྱ་གཞུང་གི་ཉེན་རྟོག་པས་རྩོམ་རིག་གསར་པའི་ལམ་ནས་གསར་རྩོམ་བྱེད་མཁན་དག་ལ་ལོག་སྤྱོད་པའི་མིང་བཏགས་ཏེ་རྩད་ཞིབ་ཀྱིས་འཛིན་བཟུང་བྱེད་བཞིན་ཡོད་ཅིང་། རྩོམ་ཡིག་གང་ཞིག་ཀྱང་གུང་ཁྲན་ཚོགས་པའི་ཆོག་མཆན་མེད་པར་དཔར་འགྲེམ་བྱེད་མི་ཆོག ། འོན་ཀྱང་། ཆོག་མཆན་ཐོབ་རྒྱུ་ནི་ལས་སླ་པོ་ཞིག་ག་ལ་ཡིན། རྩོམ་རིག་གསར་པའི་ཤིང་རྟའི་སྲོལ་འབྱེད་བརྩམས་སྒྲུང་བ་དོན་འགྲུབ་རྒྱལ་གྱིས། དུས་རབས་གསར་པའི་བྲན་གཡོག་གི་གནས་བབ་འདི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དད་ཞེན་ལ་ཐུག་ཡོད་པར་མཐོང་སྟེ་སྐྱོན་བརྗོད་དྲག་ཏུ་བྱས་ཤིང། མཐར་སྤྱི་ལོ་ 1985 ལོར་རང་སྲོག་རང་གིས་བཅད་དེ་ལྔ་ལམ་དུ་ཆས།” ཞེས་བཀའ་སྩལ་ཡོད་པ་མཇལ་ན། རྒྱལ་བ་རིན་པོ་ཆེས་བོད་ཀྱི་གནད་དོན་ཀུན་ལ་ཐུགས་སྣང་རྒྱ་ཆེར་གནང་བཞིན་པ་ཤེས་ཐུབ།

སྤྱི་ལོ་ 2005 ལོའི་ལོ་མཇུག་ཙམ་ལ། སྙན་ཞུ་ཤོག་བུ་འགའ་བྲིས་ཏེ་ལྡི་ལི་ནས་མངགས་ཉོ་བྱས་པའི་དཔེ་དེབ་གསར་པ་དེ་དག་དང་ལྷན་དུ་སྐུ་སྒེར་དྲུང་ཆེ་བརྒྱུད་ནས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ། དེའི་རྗེས་སུ་༸གོང་ས་མཆོག་ནས། “ཚང་མ་ཞིབ་ཏུ་ཀློག་ཁོམ་མེད་ཀྱང་། གཙོ་བོ་ཁག་ཀློག་བཞིན་ཡོད།” ཅེས་བཀའ་ཕེབས་སོང་ཞེས་སྐུ་སྒེར་དྲུང་ཆེས་གསུངས། གཏམ་དེ་ཐོས་པ་ན། དགའ་ཡང་དགའ་ཞིང་སྨྲེང་ཡང་སྨྲེང་བ་ལྟ་བུ་ཞིག་བྱུང་སྟེ། ད་ནི་བོད་བཞུགས་རྩོམ་པ་པོ་ཚོར་ལས་དོན་གལ་ཆེན་ཞིག་སྒྲུབ་ཐུབ་སོང་སྙམ་ནས་ཡིད་ཚིམས།

དེའི་རྗེས་དུས་འཁོར་དབང་ཆེན་ཞུ་བར་བསྐྱོད་པའི་ལམ་བར་ནས་ལྡི་ལིར་ཉིན་གཅིག་གཉིས་ཤིག་བསྡད། དེ་དུས་སྐུ་སྒེར་དྲུང་ཆེས་ཐོས་བསམ་གླིང་ལ་ཞལ་པར་བཏང་སྟེ། རྒྱལ་བ་རིན་པོ་ཆེས་མཇལ་ཁ་གནང་བཞེད་ཡོད་པས། ལན་ཞིག་སྤྲོད་རོགས་ཞེས་གསུངས་འདུག་ཀྱང་། ང་ལྡི་ལིར་འབྱོར་ཟིན་པར་མ་ཟད། དེ་དུས་ལག་ཐོགས་ཁ་པར་ཡང་མེད་པས། ཐོས་བསམ་གླིང་གི་འགན་འཛིན་ལ་ཐབས་ཤེས་གང་ཡང་བྱུང་མི་འདུག །ཐོས་བསམ་གླིང་ལ་ཞལ་པར་གནང་བ་ནི། ངས་རྒྱལ་བ་རིན་པོ་ཆེར་ཕུལ་བའི་སྙན་ཞུའི་མཇུག་ཏུ་ཐོས་བསམ་གླིང་གི་ཁ་བྱང་དང་ཁ་པར་ཨང་གྲངས་གཉིས་བཀོད་ཡོད་པས་རེད། དེ་དུས་ངས་བསྟི་གནས་དེར་སློབ་ཁྲིད་ཀྱི་ལས་ཀ་བྱེད་བཞིན་པ་གོང་ཞུས་ལྟར་ཡིན།

རྒྱལ་བ་རིན་པོ་ཆེའི་ཐུགས་གཤིས་དང་ཐུགས་འཁུར་ནི་དེ་ལྟ་བུ་ཞིག་རེད། སྙན་ཞུའི་ནང་མཇལ་ཁའི་རེ་འདུན་ཟུར་ཙམ་ཡང་ཞུས་མེད་ཀྱང་། བོད་ནང་གི་གནས་ཚུལ་དེ་མཁྱེན་མ་ཐག་ཞིབ་ཏུ་མཁྱེན་འདོད་འཁྲུངས་ཏེ་བཀའ་གནང་བར་ཐེ་ཚོམ་མེད། འདི་ནི་ངའི་ཚོར་བ་དང་ཚོད་དཔག་གཉིས་ཀ་ཡིན།

ལྡི་ལི་ནས་ཐོན་ཏེ་ཐད་ཀར་སེ་ར་ཆོས་སྒར་དུ་སོང་སྟེ། སེར་སྨད་རི་འབུར་རིན་པོ་ཆེའི་བླ་བྲང་དུ་ཉིན་བཅུ་གྲངས་ཤིག་བསྡད། རི་འབུར་རིན་པོ་ཆེ་ནི། བོད་ནས་ཕྱིས་སུ་ཕེབས་པའི་མཁས་པ་ཆེན་པོ་ཞིག་རེད། ཁོང་གིས་ཁང་གསར་རྡོ་རྗེ་འཆང་གི་རྣམ་ཐར་དང་། ཏྲེ་ཧོར་སྐྱོར་དཔོན་གྱི་རྣམ་ཐར་སོགས་ལྗགས་རྩོམ་མཛད་དེ་དཔར་ཡོད་ལ། རྒྱལ་བ་རིན་པོ་ཆེའི་བཀའ་མངགས་ལྟར་རྭ་སྟག་གི་དོན་རྐྱེན་སྐོར་ཞིག་ཀྱང་ཕྱོགས་ལྷུང་སྤངས་ཏེ་བྲིས་པ་༸གོང་ས་མཆོག་ལ་ཕུལ་ཡོད་པ་ངས་ཤེས། མཛད་རྗེས་ཆེ་ཤོས་ཤིག་ནི། སྤྱི་ལོ་ 1983 ལོར་རྒྱ་ནག་པེ་ཅིན་དུ་ཕེབས་ཏེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཐུགས་འཁུར་དང་རྒྱབ་སྐྱོར་འོག་སྐུ་ངལ་ཚད་མེད་བསྐྱོན་ནས་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་སྟོད་འཚོལ་རྙེད་ཀྱིས་ཕྱིར་ལྷ་སར་གདན་དྲངས་པ་དེ་རེད།

ཁོང་དང་འབྲེལ་བའི་སྐོར་ཅུང་ཟད་བཤད་ན།རི་འབུར་རིན་པོ་ཆེ་ཨ་རིར་ཕེབས་ཏེ་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རེ་ཆར་ཌི་གྷེའེར་(Richard Gere)གྱི་གཟིམ་ཁང་དུ་བཞུགས་སྐབས་ང་དེ་གར་བཅར་ཏེ་ཉིན་ཤས་བསྡད། དེ་ནི་མཇལ་ཐེངས་ཐོག་མ་དེ་ཡིན། དེ་དུས་རི་འབུར་རིན་པོ་ཆེས་བོད་ཕྱི་ནང་གི་གནས་ཚུལ་མང་པོ་ཞིབ་ཏུ་གསུངས་པ་ད་ལྟ་ཡང་གསལ་ལེར་དྲན། རི་འབུར་རིན་པོ་ཆེ་འཁྲུངས་ཡུལ་ནི་སྨར་ཁམས་སྒར་ཐོག་དྲུང་ཡིག་ཚང་རེད་དེ། སློབ་གཉེར་དང་འཚར་ལོངས་གནང་ས་ལྷ་ས་རེད། རེ་ཆར་ཌི་གྷེའེར་གྱི་གཟིམ་ཁང་དེ་ནེའུ་ཡོཀ་གྲོང་ཁྱེར་ནས་རླངས་འཁོར་རམ་མེ་འཁོར་དུ་བསྡད་དེ་སོང་ན་ཐག་མི་རིང་བའི་སར་ཡོད་ཅིང་། ཁུལ་དེར་ཨ་རིའི་མི་སྣ་གྲགས་ཅན་ནམ་ཕྱུག་པོ་སྐོར་ཞིག་གི་ཁྱིམ་གཞི་ཡང་ཡོད། གཟིམ་ཁང་གི་སྒོ་རའི་མདུན་དུ་“Ribur House”སྟེ་རི་འབུར་སྤྲོ་ཁང་ཞེས་བྲིས་འདུག་ཅིང་། ང་དེ་གར་འགྲོ་དུས། རེ་ཆར་ཌི་གྷེའེར་གྱིས་སྤྲོ་ཁང་རྙིང་པ་དེ་རི་འབུར་རིན་པོ་ཆེར་ཕུལ་ནས། དེའི་ཉེ་འཁྲིས་སུ་སྤྲོ་ཁང་གསར་པ་ཞིག་རྒྱག་བཞིན་པ་མཐོང་། འོན་ཀྱང་། རི་འབུར་རིན་པོ་ཆེ་དེ་གར་ཡུན་རིང་བཞུགས་པ་ཙམ་ལས་བདག་ཏུ་བཞེས་མེད་ཚོད་དུ་སྣང་།

སྤྲོ་ཁང་རྙིང་པའི་ནང་༸གོང་ས་མཆོག་དང་བླ་མ་བཟོད་པ་རིན་པོ་ཆེ་རྣམ་གཉིས་ལ་ཡང་གཟིམ་ཆུང་རེ་བཞེངས་ཡོད་པར་མ་ཟད། བོད་ཀྱི་གནའ་རྫས་མང་པོ་ཞིག་ཀྱང་བསྡུ་ཉར་གནང་འདུག །ད་ལྟ་དགུང་ལོ་ ༢༡ ལ་སོན་པའི་བུ་འཇིགས་མེད་དམ་ Homer Gere ལགས་རྭ་སྒྲེང་རིན་པོ་ཆེའི་ཡང་སྲིད་ཡིན་ཚུལ་ཤོད་པ་ཞིག་ཀྱང་གོ། བུ་དེའི་མཚན་ཆ་ཚང་ལ་ Homer James Jigme Gere ཞེས་འབོད། འོན་ཀྱང་། རྭ་སྒྲེང་རིན་པོ་ཆེའི་ཡང་སྤྲུལ་ཡིན་ཚུལ་དེ་སུས་གསུངས་པ་མ་ཤེས་ཀྱང་། རེ་ཆར་ཌི་གྷེའེར་ནི་རང་གི་བུ་བླ་མར་བཟོས་ཏེ་ཟོག་རྫུ་འཁྲབ་མཁན་ཞིག་གཏན་ནས་མ་རེད། འགའ་ཞིག་གིས། བུ་འཇིགས་མེད་ལགས་བོད་ཀྱི་གདན་ས་ཞིག་ཏུ་བཏང་སྟེ་སློབ་གཉེར་གནང་ན་ལེགས་ཚུལ་ཞུས་པ་ན། རེ་ཆར་ཌི་གྷེའེར་གྱིས། “དགོན་པའི་ནང་བོད་ཀྱི་སྐད་ཡིག་དང་ནང་ཆོས་སྦྱོང་དགོས་ན། ཁོ་བོད་པའི་ཁྱིམ་ཚང་ཞིག་ཏུ་སྐྱེ་དགོས་ངེས་རེད་དེ། དེར་མ་སྐྱེས་པར་ཨ་རིའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པར་བལྟས་ན། ཁོས་ནུབ་ཕྱོགས་ཀྱི་ཤེས་རིག་སྦྱོང་དགོས་པ་སྨོས་མེད་རེད།” ཅེས་གསུངས་ཏེ་ཁས་ལེན་མ་གནང་།

གང་ལྟར། ང་ལྷོ་ཕྱོགས་སེར་སྨད་རི་འབུར་བླ་བྲང་ནས་ཐོན་ཏེ་དུས་འཁོར་དབང་ཆེན་ཞུ་རུ་སོང་ནས་ཡུན་རིང་མ་སོང་བར་རི་འབུར་རིན་པོ་ཆེ་སྐུ་གཤེགས། རི་འབུར་རིན་པོ་ཆེ་སྐུ་གཤེགས་དུས་ནི་དུས་འཁོར་དབང་ཆེན་དངོས་གཞིའི་ཉིན་ཏེ་ཚེས་པ་བཅོ་ལྔ་རེད། དུས་འཁོར་དབང་ཆེན་གྲོལ་ནས་ལྡི་ལི་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་འབྱོར། ཕྱིར་རང་གི་སྡོད་གནས་སུ་འབྱོར་ཡང་། སྐུ་སྒེར་ཡིག་ཚང་ནས་བརྩད་གཅོད་གནང་བའི་གནས་ཚུལ་དེ་ཡིད་ལ་ཡང་ཡང་འཁོར་བས་སེམས་བག་བྲེལ་འཚུབ་ལྟ་བུ་ཞིག་ཏུ་བསྒྱུར། ངོ་མ་བཤད་ན། སླར་ཡང་བཀའ་འགུག་གནང་མི་ཡོང་ངམ་སྙམ་པ་དེ་རེད། དེའི་རྐྱེན་གྱིས་སྤྲོ་གསེང་ངམ་ཆང་སྟོན་བཤམས་པ་ལ་ལན་དུ་མར་འཛེམ་དགོས་བྱུང་།

དུས་དབང་གྲོལ་ནས་ཆོས་ཞུ་བ་མང་པོ་གནས་སྐོར་དུ་སོང་ཞིང་། འགའ་ཞིག་ད་དུང་ལམ་བར་དུ་ཡོད། སྤྱི་ལོ་ 2006 ཟླ་ 1 ཚེས་ 23 ཉིན་བདག་རྡ་སའི་མེག་ལོར་དུ་སོང་ནས་ཞག་སྡོད་བྱས། རྡ་རམ་ས་ལའི་བླ་གྲྭ་དང་མི་དམངས་རྣམས་ཕྱོགས་གཞན་དུ་གསུང་ཆོས་ཞུ་བར་ཕེབས་སྐབས་དམག་སྒར་ཨང་ ༢༢ པའི་དམག་མི་སྐོར་ཞིག་རྣམ་རྒྱལ་གྲྭ་ཚང་གི་བདེ་འཇགས་སྲུང་བར་ཡོང་། ལོ་དེའི་བདེ་འཇགས་སྲུང་མཁན་གྱི་ཁྲོད་དུ་ངའི་ངོ་ཤེས་ཤིག་ཡོད། ཁོང་གི་མཚན་ལ་ཚེ་གོ་ཟེར། དགོང་མོ་དེར་ངེད་གཉིས་ཀྱིས་ཐུགས་སྤྲོ་སྟབས་བདེ་ཞིག་བཏང་སྟེ་བག་ཡངས་ལ་རོལ།

བོད་ཀྱི་དམག་མི་ཚང་མ་དེ་ལྟར་ཡིན་མིན་མི་ཤེས་ཀྱང་། ངའི་ངོ་ཤེས་དེ་ནི་ཐུགས་སྤྲོ་གཏོང་བའམ་ཐུགས་སྤྲོ་ལ་མཁོ་བའི་ཟ་མ་བཟོ་རྒྱུར་སོགས་ལ་ཧ་ཅང་མཁས་ཤིང་ལས་ཀ་ལས་རྒྱུ་ནི་ཅི་ལ་ཡང་མི་རྩི་བ་ཞིག་ཡིན། ངེད་གཉིས་ཀྱིས་ཐུགས་སྤྲོ་བཏང་ནས་སྣང་བ་ནམ་མཁར་འཕུར་བཞིན་པའི་སྐབས་སུ་སྐད་ཤུགས་ཇེ་མཐོར་སོང་སྟེ་ལབ་གླེང་མང་དུ་བྱས། མཚན་དཀྱིལ་མ་ཉལ་ཙམ་ཞིག་ལ་ཁོང་གིས་གློ་བུར་དུ། ད་མ་ཉལ་ན་སང་ཞོག་མཇལ་ཁ་ཡོད་ཟེར། ངས། ཨ། ཞེས་ལབ། ཡང་ཁོང་གིས། དངོས་གནས་ཡིན། སང་ཞོགས་དམག་མི་ཚོར་མཇལ་ཁ་ཡོད་པ་རེད་ཟེར།

གཏམ་དེ་ཐོས་མ་ཐག་ངའི་སེམས་ཇེ་གསལ་དང་རྣམ་རིག་ཇེ་གྲུང་དུ་སོང་སྟེ་ཤོག་བུ་དང་སྨྱུ་གུ་བཙལ། འོན་ཀྱང་། སྐྱབས་མགོན་རིན་པོ་ཆེར་འབུལ་འོས་པའི་ཤོག་བུ་དཀར་གཙང་ཆེན་པོ་ཞིག་ཁང་པ་དེའི་ནང་མཐོང་རྒྱུ་མེད། དེར་བརྟེན། འབྲི་དེབ་དཀྱུས་མ་ཞིག་ནས་ཤོག་བུ་བཀོག་སྟེ་ལག་པས་འབྲི་དགོས་བྱུང་། ཡི་གེའི་ནང་། དེ་སྔོན་སྐུ་ཞབས་ཞོགས་དུང་སོགས་ཀྱིས་དཔེ་དེབ་རྣམས་ཕུལ་ཚུལ་མདོར་བསྡུས་ཤིག་བྲིས་ཏེ་གྲོགས་ཚེ་གོའི་སྟོད་གོས་ཀྱི་ཁུག་མའི་ནང་བླུགས། ཡིག་སྐོགས་དང་ཁ་བཏགས་གཉིས་ཀྱང་མེད། ཇི་ལྟར་འབུལ་དགོས་པའི་ལམ་སྟོན་ཞུས་ཀྱང་ཁོང་གིས་སེམས་ལ་ངེས་ཡོད་མེད་མ་ཤེས། འབུལ་སྟངས་མ་འགྲིག་ཀྱང་། ཁོང་དམག་མི་ཡིན་པས། སྐུ་འཁོར་ཚོས་འཁང་ར་མི་གནང་སྙམ།

དེའི་ཕྱི་ཉིན་ཏེ་སྤྱི་ལོ་ 2006 ཟླ་ 1 ཚེས་ 24 སྔ་མོར་གྲོགས་ཚེ་གོ་ཡར་ལངས་པ་ན་ང་ཡང་གཉིད་སད། ངེད་གཉིས་སྡོད་སའི་ཁང་པའི་ནང་སྟོན་པ་ཐུགས་རྗེ་ཅན་གྱི་འདྲ་སྐུའི་སྐུ་པར་ལོ་དྲུག་དཀའ་སྤྱད་མ་ཞིག་ཡོད་པ་མཐོང་སྟེ་ཁང་པའི་བདག་པོར་ཁ་པར་བཏང་ནས་དེ་ང་ལ་སྟེར་རོགས་ཞེས་བཤད། གྲོགས་ཚེ་གོ་མཇལ་ཁ་ཞུ་བར་འགྲོ་སྐབས་སྟོན་པའི་སྐུ་པར་དེ་ཡང་ཁོང་གི་ལག་ཏུ་བཞག་སྟེ་༸གོང་ས་མཆོག་གི་མཚན་རྟགས་ཞུ་རོགས་ཞེས་མངགས་བཅོལ་བྱས། ང་མུ་མཐུད་ཉལ་ནས་བསྡད།

ཚེ་གོ་བསླེབས་སོང་། གདོང་ལ་འཛུམ་གྱིས་ཁེངས། ཅི་ཞིག་ཤོད་འདོད་ཀྱིས་ཁ་མ་ཟུམ་པར་གད་མོ་འཚེར་འཚེར་བྱས། ངས། གང་འདྲ་བྱུང་སོང་ཞེས་དྲིས། ༸གོང་ས་མཆོག་ནས་ཕལ་ཆེར་སྐར་མ་བཅོ་ལྔ་བཅུ་དྲུག་ཙམ་ལ་བཀའ་སློབ་གནང་སོང་ཟེར། ཅི་ཞིག་གསུངས་སོང་ཞེས་དྲིས། ང་ཚོ་དམག་མི་ཚོ་སུས་ཀྱང་ཧ་གོ་མ་སོང་ཟེར། དེ་ཅི་རེད། ཅེས་དྲིས། ང་ཚོ་དེར་ཆ་རྒྱུས་མེད་པས་ང་ཚོས་ཇི་ལྟར་ཤེས་སམ། ཚང་མ་དམག་མི་རེད་ཟེར། ག་རེ་ལ། ཞེས་དྲིས། “ག་རེ་ལབ་ཀི་ཡོད། ཁྱེད་རང་གི་སྙན་ཞུ་དེ།” ཞེས་ཟེར། ད་གཟོད་ངས་གཞི་ནས་ཧ་གོ་སྟེ། ཨ་ལེ། ཞེས་བརྗོད།

དམག་མི་ཚོས་མཇལ་ཁ་ཞུས་དུས། ངའི་གྲོགས་པོ་ཚེ་གོ་ཡིས་སྙན་ཞུ་དེ་༸གོང་ས་མཆོག་གི་ཕྱག་ཏུ་ཕུལ་མ་ཐག་ལྗགས་ཀློག་གནང་སྟེ། “དེབ་དེ་ཚོ་རོབ་ཙམ་བཀླགས་པ་ཡིན། ཡག་པོ་ཞེ་དྲག་འདུག །བོད་ནང་གི་གཞོན་སྐྱེས་དེ་ཚོའི་སེམས་ཤུགས་དང་ལ་རྒྱ་ནི་ཧ་ལས་པ་རེད།” ཅེས་གསུང་མགོ་བཙུགས་ཏེ་ཚེ་གོ་ལ་གཟིགས་ཞོར་བཀའ་སློབ་གནང་། བཀའ་སློབ་ཀྱི་གཙོ་བོ་ནི། བོད་མི་གཞོན་སྐྱེས་ཤེས་ཡོན་ཅན་དེ་དག་གི་རིགས་ཞེན་དང་ལ་རྒྱ། བོད་ཀྱི་ཆོས་རིག་དང་ཚན་རིག་གི་གནད་དོན་སོགས་རེད་ཟེར། བཀའ་སློབ་ཞིབ་ཏུ་གནང་བཞིན་པའི་བར་མཚམས་ཤིག་ལ་ཚེ་གོའི་སེམས་ལ་ནོངས་འགྱོད་ལྟ་བུ་ཞིག་སྐྱེས་ཏེ། དཔེ་དེབ་དེ་དག་འབུལ་མཁན་ངའི་ངོ་ཤེས་ཤིག་རེད་ཅེས་ཞུས་པ་ན། ༸གོང་ས་མཆོག་ནས་གསུང་མཚམས་བཞག་སྟེ། ཡ་ཡ། ཡག་པོ་བྱུང་འདུག་ཅེས་བཀའ་སྩལ་སོང་ཟེར།

ཚེ་གོས་འགྲེལ་བཤད་ཞིབ་ཏུ་བརྒྱབས་ན་སྙམ་སྟེ་རེ་བ་བྱས་ཀྱང་། གཅིག་ནས་ཁོ་དམག་མི་ཡིན་པ་དང་། གཉིས་ནས་ཞོགས་དུང་སོགས་ཀྱི་དཔེ་དེབ་དེ་དག་ལ་རྒྱུས་མངའ་ཅུང་ཟད་ཀྱང་མེད་པ། ལྷག་པར་དུ། ཆོས་དང་ཚན་རིག་གི་རྣམ་གཞག་ལས་འཕྲོས་པའི་བཀའ་སློབ་དེ་གོ་མི་ཐུབ་པ་སོགས་ཀྱི་རྐྱེན་པས། ཁོས་ཟུར་ཙམ་ཟུར་ཙམ་ཞིག་གམ་ཚིག་འགའ་ཤས་ཙམ་ལས་འགྲེལ་བཤད་བརྒྱབས་མ་སོང་། ཡང་ཁོས། མཇལ་ཁ་གྲུབ་ནས་མར་ཡོང་དུས་དམག་རོགས་ཚོ་ཧ་ལས་ནས། ཚེ་གོ་ཁྱེད་རང་གིས་དེབ་དེ་ཚོ་ག་དུས་བྲིས་པ་ཡིན། འབྲི་ཤེས་སམ། ཞེས་ཡ་མཚན་མཚན་གྱིས་དྲིས་སོང་ཟེར། ངེད་གཉིས་ལྷན་དུ་གད་མོ་ཤོར།མངགས་བཅོལ་ལྟར་སྟོན་པའི་སྐུ་པར་སྟེང་མཚན་རྟགས་ཞུས་འདུག་པ་ལ་ཡང་དགའ་སྤྲོ་སྐྱེས།

དེ་མཚམས་ངེད་གཉིས་ཕྱི་ལ་ཐོན་ནས་རྒྱ་གར་གྱི་ཇ་ཁང་ཞིག་ཏུ་ཇ་མངར་མོ་འཐུང་བར་སོང་། མཇལ་ཁའི་སྐོར་མུ་མཐུད་ནས་བཤད། སྐབས་དེ་ཤེད་ཅིག་ལ། ཚེ་གོ་ལ་ཁ་པར་ཞིག་འབྱོར་ཏེ་སྐུ་སྒེར་དྲུང་ཆེས་བརྩད་གཅོད་གནང་གིན་འདུག་པས། གང་མགྱོགས་ཕོ་བྲང་དུ་བཅར་རོགས་ཟེར་བས། བྲེལ་འཚུབ་ཀྱི་ངང་ནས་ངེད་གཉིས་ཕོ་བྲང་དུ་བཅར། སྐུ་སྒེར་དྲུང་ཆེས། སྐྱབས་མགོན་རིན་པོ་ཆེས་མཇལ་ཁ་གནང་བཞེད་འདུག་པས། གྲ་སྒྲིག་བྱས་ནས་སྡོད་དང་། མཛད་བྲེལ་ཆུང་སྐབས་ཤིག་ལ་འབྲེལ་བ་བྱས་ཡོང་། ལས་ཀ་བྱེད་ས་རང་འཇགས་ཡིན་ནམ་གསུངས། ༸གོང་ས་མཆོག་ལ་ཞུ་རྒྱུ་དམིགས་བསལ་བ་གང་ཡང་མེད། བཀའ་སློབ་གནང་བ་རྣམས་སྒྲ་འཇུག་ཞུས་ཆོག་གམ་ཞེས་ཞུས། ཕལ་ཆེར་འགྲིག་གི་རེད་གསུངས་པ་དང་ངེད་གཉིས་ཕོ་བྲང་གི་ཕྱིར་ཐོན་ནས་ཡོང་།

ངས་ཉིན་ཤས་རིང་བསྒུགས་ཀྱང་འབྲེལ་བ་གནང་མཁན་མ་བྱུང་ལ། ངས་ཀྱང་ཡར་འབྲེལ་བ་མ་ཞུས། ཅིའི་ཕྱིར་མཇལ་ཁ་གོ་སྒྲིག་མ་གནང་བ་མི་ཤེས་ཀྱང་། ཡར་འབྲེལ་བ་མ་ཞུས་པ་ནི་ཞུ་རྒྱུ་དམིགས་བསལ་བ་གང་ཡང་མེད་པའི་སྟབས་ཀྱིས་ཡིན། ཞུ་འདོད་པའམ་ཞུ་ཤེས་པ་རྣམས་ཡིག་ཐོག་ནས་ཞུས་ཟིན་པས། ༸གོང་ས་མཆོག་གི་དུས་ཚོད་ཆུད་ཟོས་སུ་གཏོང་བའི་སྤོབས་པ་དེ་ང་ལ་མེད། དེ་ལྟར་མཇལ་ཁ་དེ་འཇའ་ཡལ་བ་ལྟར་གྱུར། སྤྱིའི་འགྲོ་ལུགས་ལྟར་ན། སྐུ་སྒེར་དྲུང་ཆེ་ལ་ཡར་གསལ་འདེབས་ཞུ་དགོས་པ་རེད་དེ། ༸གོང་ས་མཆོག་སྐུ་ཚེགས་ལ་གཏོད་རྒྱུ་དེ་ང་ལ་མཚོན་ན་ལས་སླ་མོ་ཞིག་མ་རེད། དེའི་རྗེས་སུ་མཇལ་ཁ་ལན་གཉིས་ལ་ཐོབ་ཀྱང་། གནས་ཚུལ་དེ་ཟུར་ཙམ་ཡང་མ་ཞུས།

སྐབས་དེ་ཤེད་ཅིག་ལ། རྒྱ་གར་ནས་མར་ཕེབས་པའི་དགེ་བཤེས་སྙན་གྲགས་ཅན་ཞིག་གིས་ཞོགས་དུང་གིས་བྲིས་པའི་དཔེ་དེབ་ཅིག་བདག་ལ་ཆེད་དུ་བསྐུར་བ་སོགས་གནས་ཚུལ་འགའ་ཞིག་ཀྱང་བྱུང་། ཁོང་ནི། ང་དང་ཕན་ཚུན་འདྲིས་ཆ་ཆེ་བའི་དགེ་འདུན་པའི་ཁྲོད་ན། ཕྱི་སྲོལ་རྒྱུན་ཡིན་པ་གང་ཞིག་ལ། ནང་དེང་རབས་ཀྱི་བསམ་བློས་ཕྱུག་པ་འགའ་ཞིག་ཡོད་པ་ལས་གཅིག་རེད། ཁོང་གིས་དཔེ་དེབ་དེ་བསྐུར་དུས་གསལ་བཤད་ཀྱི་ཡི་གེ་འབྲུ་གཅིག་ཀྱང་བྲིས་མེད་ནའང་། དཔེ་དེབ་དེ་བསྐུར་བ་ཙམ་གྱིས་གོ་བརྡ་འཕྲོད་ཡོང་དགོངས་པ་ལོས་ཡིན། ངེད་གཉིས་ཕན་ཚུན་ལ་རྒྱུས་མངའ་ཧ་ཅང་ཆེ་ལ། སེམས་ཚོར་ཤོད་རེས་བྱས་པའང་གྲངས་མེད། ཁོང་བཞུགས་ས་དང་འཚོ་ས་དགོན་པ་ཡིན་ཡང་། སྤྱི་ཚོགས་ཀྱི་བདེ་སྡུག་ལ་ཐུགས་འཁུར་ཆེན་པོ་གནང་། ཁུ་སིམ་མེར་དགོན་གྲོང་གཉིས་ཀྱི་ཤེས་ཡོན་ལ་ཐུགས་འཁུར་གནང་མཁན་ཁོང་ལྟ་བུ་ཞིག་དཀོན་ཚོད་ཡིན་ཡང་གཞན་གྱིས་མི་ཤེས། ཁོང་གིས་དགོན་པའི་ཤེས་ཡོན་ལ་བྱས་རྗེས་ཆེན་པོ་བཞག་ཀྱང་། བཞུགས་ཡུལ་སོགས་ཀྱི་དབང་གིས་སྤྱི་ཚོགས་ཀྱི་ཤེས་ཡོན་ལ་ཞབས་འདེགས་གནང་བའི་ཆ་རྐྱེན་དེ་ཁོང་ལ་མེད། ཁོང་ནི་ནང་པའི་གཞུང་དུ་གསུངས་པ་མ་གཏོགས་གཞན་ཁས་ལེན་མི་ཕོད་པའི་མཁས་པ་སྡར་མ་ཞིག་མ་རེད། ཁོང་གིས་རྟག་ཏུ། མི་རབས་གསར་པའི་འཚོ་ཐབས་དང་བསམ་བློ་སོགས་སྲོལ་རྒྱུན་པ་ཚོས་ངེས་པར་དུ་ཤེས་དགོས་ཞེས་གསུང་། ནང་པའི་ཆོས་ཤེས་མཁན་ཞིག་དང་ལྷག་བསམ་རྣམ་དག་གིས་སྟོན་པའི་རྗེས་སུ་ཞུགས་པའི་ཆོས་པ་རྣལ་མ་ཞིག་ཡིན་ན། དེ་ལྟ་བུ་ཞིག་ཡིན་ལོས་དགོས་ཏེ། རང་གིས་སྲི་ཞུ་སྒྲུབ་སའི་སེམས་ཅན་ལ་ཁམས་དང་མོས་པ་དང་བག་ལ་ཉལ་སོགས་སྣ་ཚོགས་པར་ཡོད་པ་ཞེ་བསམ་པས་ཁས་ལེན་མི་ཐུབ་ན་དེ་དག་གི་དོན་ཇི་ལྟར་སྒྲུབ།

སྤྱི་ལོ་ 2006 ལོའི་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་བཀའ་ཆོས་སྐབས། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་དང་ཚན་རིག་གི་རྣམ་གཞག་ལས་བརྩམས་ཏེ་བཀའ་སློབ་ཧ་ཅང་ཤུགས་ཆེན་པོ་སྩལ་ཅིང་། ལྷག་པར་དུ། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་མཛད་བྱང་གི། “དེང་དུས་འཛམ་གླིང་ཁྱོན་འདིར་ཚན་རིག་དང་འཕྲུལ་ཆས་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས་གཟུ་བོའི་བློས་ཐེ་ཚོམ་གྱི་སྒོ་ནས་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་འཚོལ་བ་དང་།” ཞེས་པ་སོགས་ལས་བརྩམས་ཏེ་བཀའ་སློབ་ཤུགས་ཆེར་སྩལ།

སྤྱི་ལོ་ 2007 ཟླ་ 6 ཚེས་ 1 ནས་ 3 བར་བོད་ཀྱི་སློབ་མ་རྣམས་ལ་ནང་ཆོས་ངོ་སྤྲོད་མཛད་སྐབས་སློབ་མ་ཞིག་གིས། “ཞོགས་དུང་སོགས་བོད་ནང་གི་གཞོན་སྐྱེས་ཁག་ཅིག་གིས་བོད་མི་རིགས་ཡར་རྒྱས་འགྲོ་བར་ནང་པའི་ཆོས་ཀྱིས་འགོག་རྐྱེན་བྱེད་ཀྱི་ཡོད་ཚུལ་རྗོད་བཞིན་འདུག་པས། ༸གོང་ས་མཆོག་གིས་དེའི་ཐོག་ལ་བཀའ་སློབ་གནང་རོགས་གནང་།” ཞེས་བཀའ་འདྲི་ཞུས་སྐབས། “དེར་ཁག་མེད། དེང་སང་འཛམ་གླིང་འདིའི་སྟེང་མི་རིགས་ཀྱི་ཐོབ་ཐང་དང་མི་རིགས་ཀྱི་ལྟ་བ་ཤུགས་ཆེ་རུ་འགྲོ་གིན་ཡོད་ལ། དེ་ཡག་པོ་རེད།” ཅེས་དང་། “སེམས་ནང་ངར་ཤ་ཤུགས་ཆེན་པོ་ཡོད་སྐབས། མཚམས་རེར་དེ་སྔ་ཆོས་ཀྱིས་བོད་སྐྱོབ་ཐུབ་མི་འདུག་སྙམ་པའི་བསམ་བློ་འཁོར་སྲིད་ལ། གཉིས་ནས་ང་ཚོའི་དགོན་པ་བླ་བྲང་སོགས་ཀྱིས་ཀྱང་བྱེད་སྟངས་ནོར་བ་བྱུང་ཡོད།” ཅེས་སོགས་གསུངས།

མདོར་ན། རྒྱལ་བའི་མཛད་རྣམ་<<གྲུ་འཛིན་ཞིང་གི་ཉིན་བྱེད་>>ཀྱི་ཞབས་མཆན་ཞིག་ཏུ་ཁོ་བོས། “དེ་ནི་སྲོལ་རྒྱུན་གྱི་ཤོད་སྲོལ་ལྟར་ན། གཞོན་རབས་དེ་དག་དང་དེ་དག་གི་ལ་རྒྱ་སྙིང་སྟོབས་བཅས་ལ་སྐྱབས་འཇུག་ཐེངས་གཅིག་ཞུས་པ་དེ་ཡིན།” ཞེས་བྲིས་པ་ལྟར་གཞིས་བཞུགས་རྩོམ་པ་པོ་རྣམས་ཀྱི་སྙིང་སྟོབས་དང་ལ་རྒྱ། བསམ་བློ་དང་བདེ་སྡུག་སོགས་བོད་གངས་ཅན་ལྗོངས་ཀྱི་མགོན་པོ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གང་གི་གསེར་སྙན་དུ་འཁྱོལ་བར་བྱས་ཡོད་ལ། དེ་ནི། ང་ལ་མཚོན་ན། མི་ཚེའི་ནང་གི་ལས་དོན་གལ་ཆེན་ཞིག་ཏུ་བསམས་ནས་ཡོད། དེ་ལྟར་ཁ་སྟབས་ཞན་པའི་མྱི་འཁྱམ་ཞིག་གིས་བསྒྲུབས་པའི་ལོ་རྒྱུས་དེ་འཇིག་རྟེན་འདི་ནས་ཡལ་བར་དོགས་ཏེ་ལས་ཀའི་བར་གསེང་ནས་མགྱོགས་སྟབས་སུ་ཡིག་འགོད་བགྱིས་སོ།།


(འདིའི་ནང་ལོ་ཟླ་ཚེས་གྲངས་འགའ་ཇི་བཞིན་འབྲི་ཐུབ་པ་ནི། མཚན་རྟགས་འཁོད་པའི་སྟོན་པའི་སྐུ་པར་གྱི་རྒྱབ་དང་། ལམ་རིམ་ཡིག་འབེབས་ཀྱི་མགོ་མཇུག་སོགས་སུ་དུས་ཚེས་གསལ་བར་བཀོད་པ་ད་དུང་ལག་ཏུ་ཡོད་པས་ཡིན།)

སྤྱི་ལོ་ 2021 ཟླ་ 5 ཚེས་ 29 ཉིན།


གསར་བསྣན།

སྤྱི་ལོ་ 2022 ཟླ་ 9 ཚེས་ 20 ཉིན་གྱི་དགོང་དྲོ་གཅན་མེ་སྟག་བཞུད་ཟིན་པའི་ཚིག་ངན་དེ་གོ་ཞིང་མྱ་ངན་གྱི་ཚིག་འགའ་རེའང་མཐོང་། ཕལ་ཆེར་ཉིན་དེའི་ཞོགས་པར་འཇིག་རྟེན་འདི་ནས་ཆས་ཟིན་པ་འདྲ། སེམས་ལ་ན་ཟུག་ཅིག་ལངས་པ་ལས་བྱེད་རྒྱུ་ནི་ཅི་ཡང་མེད། ད་དུང་ན་མི་རྒས་ཤིང་འབྲི་རྒྱུ་ཡང་ཇེ་མང་ཡིན་སྙམ།

དེའི་ཕྱི་ཉིན་རྒྱལ་དབང་ཚང་ལ་བསྔོ་རྟེན་དང་གཙུག་ལག་ཏུ་སྐྱབས་འཇུག་སྨོན་ལམ་ཞུས། འདི་ཙམ་ཞིག་ནི་ཅང་མ་རེད་ཟེར་མཁན་ཡོད་སྲིད་ཀྱང་། འདས་པོ་ཞིག་ལ་མཚོན་ན། འདི་ལས་གཞན་གྱིས་ཅི་ཕན། ཞིབ་ཏུ་བསམས་ན་ཤེས། དེ་ལྟར་རྩོམ་པ་པོ་ཞིག་ལ་སྐྱེལ་མ་ཞུ་དགོས་བྱུང་།

འདིའི་རྗེས་སུ་ཡིན་ནམ། ང་ཡིན་ནམ་གཞན་ཞིག་ཡིན།


2022/10/14 ཉིན་གྱི་དགོང་མོར་དྲ་ཐོག་ནས་ཨ་མདོ་བརྙན་འཕྲིན་ཁང་གི་ལྷ་མོས་གཅན་མེ་སྟག་ལ་བཅར་འདྲི་ཞུས་པར་བལྟས་རྗེས་འདི་ཁ་སྣོན་བྱས།

1,043 views0 comments
Post: Blog2_Post
bottom of page