བརྡ་སྤྲོད་ལས་བདག་མེད་དུ་ལུས་པ།
- ཤེས་རབ་དར་རྒྱས། Sherab Dharge
- Aug 9, 2025
- 1 min read
-ཟིན་བྲིས་ཙམ་ལས་མཐའ་མའི་གཏན་འབེབས་མིན།
ང་འ་ར་ལ་དང་མཐའ་མེད་དང་པ་བ་སོགས།
གཅིག།
སྤྱིར་རྒྱན་ཚིག་ལ་དངོས་པོ་གང་ཞིག་གི་རང་བཞིན་དང་རྣམ་པ་དང་གནས་རིམ་དང་བོངས་ཚད་སོགས་ལ་སྦྱར་བའི་རྒྱན་ཚིག་ཡོད། དེའི་མིང་མཐའ་ལ་པ་པོ་གང་རུང་གིས་ཁྱབ་སྟེ།
༡། དབྱིབས་དང་ངོ་བོ་སོགས་ལ་སྦྱར་བའི་རྒྱན་ཚིག་དཔེར་ན།
རིང་པོ། དམའ་པོ། དཀར་པོ། དལ་པོ། ཚ་པོ། ལྟ་བུ།
(དཔའ་བོ་དང་མངར་མོ་ལྟ་བུ་དམིགས་བསལ་ཡིན།)
༢། གནས་རིམ་ལ་སྦྱར་བའི་རྒྱན་ཚིག། དཔེར་ན།
དང་པོ། བཞི་པ། ལྔ་པ། དགུ་པ། བཅུ་པ། བཅོ་ལྔ་པ།
གཞན་ཡང་། པོད་ཀ་པ་དང་ཁ་པ། ལྟ་བུ།
༣། བོངས་ཚད་ལ་སྦྱར་བའི་རྒྱན་ཚིག།
ཁྲི་བརྒྱད་སྟོང་པ། བླ་མ་ལྔ་བཅུ་པ། དབུ་མ་བཞི་བརྒྱ་པ། ལྟ་བུ།
གཉིས་པ།
བསྡུར་ཚིག་དང་། རྒྱན་ཚིག་གི་ལྟོས་གཞིར་གྱུར་པའི་དངོས་མིང་དང་། བྱ་བའི་མིང་བཅས་གསུམ་ལ་བ་ཡིག་གིས་ཁྱབ།
(འདིར། རིང་པོ་ནི་རྒྱན་ཚིག་སྤྱིར་བཏང་བ་དང་། རིང་བ་ནི་དེ་ལས་བྱུང་བའི་བསྡུར་ཚིག། རིང་ཤོས་ནི་དེ་དག་ལས་བྱུང་བའི་ཕུལ་བྱུང་གི་ཚིག་ཡིན།)
༡། བསྡུར་ཚིག་ལ་བ་ཡིག་གིས་ཁྱབ་པ་ནི།
རིང་བ། དམའ་བ། དཀར་བ། དལ་བ། ཚ་བ། ལྟ་བུ།
༢། རྒྱན་ཚིག་གི་ལྟོས་གཞིར་གྱུར་པའི་དངོས་མིང་ལ་བ་ཡིག་གིས་ཁྱབ་པ་ནི།
བཟང་བ། དཔའ་བ། མངར་བ། རྟུལ་བ། ཆེ་བ། ལྟ་བུ།
(བཟང་བ་དང་བཟང་པོ། དམའ་བ་དང་དམའ་པོ། མངར་བ་དང་མངར་པོ། རྟུལ་བ་རྟུལ་པོ། བདེ་བ་དང་བདེ་པོ། ལྟ་བུ་རྣམས་ཀྱི་སྔ་མ་དག་དངོས་མིང་དང་ཕྱི་མ་རྣམས་རྒྱན་ཚིག་ཡིན། འདིའི་ཐད་མཁས་པ་ཆེན་པོ་དཔའ་རིས་སངས་རྒྱས་མཆོག་དང་ངེད་གཉིས་མི་མཐུན།)
༣། བྱ་བའི་མིང་ལ་བ་ཡིག་གིས་ཁྱབ་པ་ནི།
གཏོང་བ། བདའ་བ། སྐུར་བ། སྩོལ་བ། ཟ་བ། ལྟ་བུ་ཡིན།
དེ་ལ་བྱ་བའི་མིང་ནི། བྱ་བ་གང་ཞིག་སྟོན་ཆེད་དེ་དང་འབྲེལ་བའི་བྱ་ཚིག་ལ་བ་ཡིག་སྦྱར་བ་དག་ལ་ཟེར་ཏེ། འདིར་བཤད་པའང་རྗེས་འཇུག་ང་འ་ར་ལ་དང་མཐའ་མེད་བཅས་གཞིར་བཞག་ཡིན། དེ་མ་ཡིན་པའི་རྗེས་གཞན་ཅན་དག་ལ་པ་ཡིག་སྦྱོར་བ་ཡིན། གསལ་བར་བཤད་ན། སྟོན་ནི་བྱ་ཚིག་དང་སྟོན་པ་ནི་བྱ་བ་བརྗོད་པའི་མིང་ཡིན། དེ་བཞིན་དུ།
འགྲོ་དང་འགྲོ་བ། དགའ་དང་དགའ་བ།
སྐུར་དང་སྐུར་བ། སྤེལ་དང་སྤེལ་བ།
ཟ་དང་ཟ་བ་སོགས་ཏེ། སྔ་མ་རྣམས་བྱ་ཚིག་དང་ཕྱི་མ་རྣམས་བྱ་མིང་ཡིན།
སྨྲ་སྒོའི་རང་འགྲེལ་དུ་བྱ་མིང་བསྟན་པ་ནི།
"བ་ནི་སྤྱི་རུ་བཞག་པ་སྟེ།། ཡུལ་དུས་ངེས་པར་མ་བཟུང་བའོ།།
ཟ་བ་བཟའ་དང་ཟ་བོ་བཞིན།། མ་ནིང་དག་ཏུ་གཞག་པར་བྱ།། ཞེས་སྨོས་པ་ཡིན་ཏེ། བྱ་བ་སྟོན་པའི་མིང་ལ་བའི་སྒྲ་འབྱུང་བ་ནི་ཡུལ་དང་དུས་ཀྱི་སྤྱིར་འགྲོ་སྟེ། འདི་ལྟར་ཟ་བ་ཞེས་བྱ་བའམ། ལྟ་བ། ཉན་པ་ཞེས་བྱ་བ་ལྟ་བུའོ།། དེ་ལ་ཡུལ་ངེས་པར་མ་བཟུང་བ་ནི་བྱེད་པ་པོའམ། བྱ་བའམ།(ལས།) བདག་གི་ཚིག་གམ། གཞན་གྱི་ཚིག་ཏུ་མི་སྟོན་པའོ།། དུས་ངེས་པར་མ་བཟུང་བ་ནི་འདས་པའམ། མ་འོངས་པའམ། ད་ལྟར་གྱི་ཚིག་གཅིག་ཏུ་མི་སྟོན་པའོ།། དཔེར་ན་ཟ་བ་ཞེས་བྱ་བ་ནི་བཟའ་བ་(བཟའ་བྱ་)དང་། ཟ་བ་པོ་རྣམས་ཀྱི་སྤྱིར་འཇུག་པ་ལྟ་བུའོ།། དེ་ཚང་བར་གཅིག་ཏུ་མི་སྟོན་པའི་ཕྱིར་མ་ནིང་དག་ཏུ་གཞག་པར་བྱ་བ་ཡིན་ནོ།།" ཞེས་སོ།།
གསུམ་པ།
པ་བ་སོགས་ཀྱི་བྱེད་ལས།
འགྲོ་བ་ཞེས་པ་ལྟ་བུར་མཚོན་ན།
༡། འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་་་་
༢། དམིགས་བྱ་མེད་པར་གང་སར་འགྲོ་བ་ནི་་་
༣། གྲོང་ཁྱེར་དུ་ལས་ཀར་འགྲོ་བ་རྣམས་ལ་་་་་
གོང་གསལ་གསུམ་ལས། དང་པོས་དངོས་པོ་དང་། གཉིས་པས་བྱ་བ། གསུམ་པས་བྱ་བ་སྒྲུབ་མཁན་གྱི་གང་ཟག་སྟོན། འདིས་གསལ་བཤད་བྱས་པ་ནི། པ་བ་སོགས་ཀྱི་བྱེད་ལས་འཇུག་ཡུལ་ལ་མི་འདྲ་བ་དུ་མ་ཡོད་པ་དེ་རེད།
དེ་བཞིན་དུ་སྒྲུབ་པ་ཞེས་པར་མཚོན་ན།
༡། སྒྲུབ་པ་བྱས་ནས་མཐོ་བའི་གོ་འཕང་མ་ཐོབ་ཀྱང་སེམས་ལ་བདེ་བ་སྦྱིན།
༢། ལྷ་སྒྲུབ་པ་ནི་ལས་སླ་པོ་ཞིག་མིན།
༣། ལྟོ་གོས་ཁོ་ན་སྒྲུབ་པ་དག་གི་སེམས་ཁོང་ན་སྒོར་མོ་ལས་གཞན་ཨེ་ཡོད།
ཡང་། ལྟ་བ་ལ།
༡། ལྟ་བ་རྒྱུད་ལ་སྐྱེས་་་་
༢། འཇིག་རྟེན་མི་སྡུག་པར་ལྟ་བ་ནི་་་་
༣། ཐམས་ཅད་གྲོགས་སུ་ལྟ་བ་རྣམས་་་་
གཞན་ཡང་། སྟོན་པ་ཞེས་པར་མཚོན་ན།
༡། ནང་པའི་སྟོན་པ་ནི་བཅོམ་ལྡན་འདས་ཡིན།
༢། ཆོས་སྟོན་པ་ནི་དགེ་བའི་ལས་ཡིན།
༣། ལམ་ཕྱིན་ལོག་ཏུ་སྟོན་པ་འགའ་ཞིག་ཡོད།
བཞི་པ།
གོལ་ས་ཅན་གྱི་བྱ་མིང་ལ་བ་ཡིག་དང་། དེ་ལས་ཕྱེ་བའི་མིང་ལ་པ་ཡིག་ཐོབ། འདི་ནི་ལག་ལེན་གྱི་ཁྲོད་ནས་བྱུང་བ་ཞིག་སྟེ། དེས་ན། རྗེས་འཇུག་ལ་དང་ར་ལ་ད་དྲག་ཐོབ་པའི་དབང་གིས་པ་སྦྱོར་བ་ཡིན་ཞེས་སོགས་བཤད་པ་ནི་ཟེར་རྒྱུས་ཕོངས་པའི་གཏམ་དུ་ཁོ་བོས་འདོད་དེ། དེ་དག་གིས་རྗེས་འཇུག་འ་དང་མཐའ་མེད་ལ་ཅི་ཟེར་མི་ཤེས། གང་ལྟར། དཔེར་བརྗོད་པ་ནི།
སྟོང་བ་དང་སྟོང་པ། ཐར་བ་དང་ཐར་པ།
འབྱོར་བ་དང་འབྱོར་པ། གཉེར་བ་དང་གཉེར་པ།
འགྲེལ་བ་དང་འགྲེལ་པ། འཁྲུལ་བ་དང་འཁྲུལ་པ།
རུལ་བ་དང་རུལ་པ། བསྐལ་བ་དང་བསྐལ་པ།
སྤྲུལ་བ་དང་སྤྲུལ་པ། བཟོ་བ་དང་བཟོ་པ། ཞེས་པ་ལྟ་བུའོ།།
གཞན་ཡང་།
སོ་བ་དང་སོ་པ། ཚ་བོ་དང་ཚ་པོ།
དགའ་བོ་དང་དགའ་པོ། ལྟ་བུ་དག་ཀྱང་གོལ་ས་ཅན་དང་དེ་ལས་ཕྱེ་བའི་རིགསཡིན།
ལྔ་པ།
བདག་སྒྲ་དང་འབྲེལ་བའི་ཐད་ལ། སྤྱིར་པ་བ་སོགས་ཀྱི་བྱེད་ལས་ལ་དཔག་ན། བདག་སྒྲ་ཞེས་ཟུར་དུ་འབྱེད་དགོས་པར་མ་མཐོང་ཡང་། སྔོན་གྱི་བརྡ་སྤྲོད་ཀྱི་གཞུང་རྣམས་སུ་ཟུར་བརྗོད་གནང་ཡོད་པས། རང་དགར་ཡལ་བར་འདོར་རུང་བ་ཞིག་མིན།
བདག་སྒྲའི་གོ་དོན་ཐད་ཀྱང་། ༡། བདག་པོ་སྟོན་པ་སྟེ། བདག་པོ་ཞེས་པ་ཡང་གསེར་སོགས་དང་བྱེད་པ་དང་ཤེས་པ་སོགས་གང་ལ་ཡོད་པའི་གང་ཟག་ལ་གོ་དགོས་པར་གསུངས་ཏེ། པ་པོ་ལས་གཞན་བདག་སྒྲའི་ཕྲད་དུ་མ་བཞག་པ་དང་། ༢། ཡང་། བདག་པོའམ་ལྡན་པའི་དོན་དུ་སྦྱོར་ཞེས་སོགས་གསུངས་ཏེ། བ་བོ་ཅན་ལྡན་སོགས་བདག་སྒྲའི་ཕྲད་དུ་བཞེད་པ་སོགས་མཁས་པའི་བཞེད་ཚུལ་ཅི་རིགས་པར་སྣང་སྟེ། གཅིག་ཏུ་ཐག་ཆོད་པ་ཞིག་བྱུང་མེད།
གལ་ཏེ་བ་ཡིག་བདག་སྒྲའི་ཕྲད་དུ་མ་བཞག་ན། དེ་དང་འབྲེལ་བའི་ཡི་གེའི་སྦྱོར་ཚུལ་ལ་དཀའ་ངལ་འབྱུང་དགོས་དོན་མེད་མོད། ཡི་གེ་རྣམས་སུ།
མགར་བ། ཁ་ལོ་བ། ལྷ་མོ་བ། མགོན་པོ་བ། ལྟད་མོ་བ། རི་མོ་བ། ཨ་མདོ་བ། སེ་ར་བ་སོགས་སྔར་ནས་ཟེར་ལ།
ད་ལྟ་ཡང་། སློབ་གྲྭ་བ། ཕྱི་རྒྱལ་བ། སྐྱབས་བཅོལ་བ། བཙན་བྱོལ་བ། རྒྱ་གར་བ། སྒྱུ་རྩལ་བ། རོལ་མོ་བ། གཙོ་སྐྱོང་བ། སྒྲིག་སྦྱོར་བ། འགན་འཁུར་བ་སོགས་ཟེར་ཞིང་འབྲི།
དེར་མ་ཟད། སྔོན་གྱི་དཔེ་ཆ་རྣམས་སུའང་། ལོ་ཙཱ་བ། པོ་ཏོ་བ། ཤ་ར་བ། འཆད་ཁ་བ། སེ་ཆུང་བ། དགེ་བཤེས་སྣ་མོ་བ། བྲག་དཀར་བ། བྱ་ཡུལ་བ། ཐལ་འགྱུར་བ། སློབ་གཉེར་བ། དམ་བཅའ་བ་སོགས་ཤིན་ཏུ་མང་། དེས་ན། ལྷ་ས་བ་དང་། སེ་ར་བ་ཞེས་པ་ལྟ་བུ་གྲོང་སྐད་དུ་བཀྲལ་ཏེ་དམའ་ཕབ་པ་ལ་རྒྱུ་མཚན་མ་མཐོང་།
མཐའ་བསྡོམས།
དང་པོ།
༡། བསྡུར་ཚིག་དང་། ༢། རྒྱན་ཚིག་གི་ལྟོས་གཞིར་གྱུར་པའི་དངོས་མིང་དང་། ༣། བྱ་བའི་མིང་བཅས་གསུམ་ལ་བ་ཡིག་གིས་ཁྱབ།
གཉིས་པ།
༡། བཟང་པོ་སོགས་རྒྱན་ཚིག་སྤྱིར་བཏང་བ་དང་། ༢། དང་པོ་དང་བཞི་པ་དང་ཀ་པ་སོགས་རིམ་པ་སྟོན་པའི་རྒྱན་ཚིག། ༣། སུམ་ཅུ་པ་དང་བླ་མ་ལྔ་བཅུ་པ་སོགས་གཞུང་ཚད་སྟོན་པའི་རྒྱན་ཚིག་བཅས་ལ་པ་པོ་གང་རུང་གིས་ཁྱབ།
གསུམ་པ།
དངོས་མིང་ངམ་མིང་རྐྱང་གཞན་དང་བདག་སྒྲ་ལ་པ་བ་གང་ཐོབ་གཅིག་ཏུ་མ་ངེས་པས། རྒྱུགས་ཆེ་བའམ་ཡོངས་གྲགས་ཉིད་ལ་བལྟ་རྒྱུ་ལས་ཐབས་གཞན་མེད། གཞུང་ལུགས་རྣམས་ཁ་མི་འཆམ་པའང་འབྲི་ལུགས་དང་ཤོད་ལུགས་ངེས་པ་ཅན་ཞིག་མེད་པ་དེ་ལ་ཐུག་ཡོད།
སྤྱི་ལོ་ 2017 ཟླ་བ་ 9 ཚེས་ 18 ཉིན་སྔར་བྲིས་ལ་སྣོན་འཕྲི་ཅུང་ཟད་བཅས་ཤེས་རབ་དར་རྒྱས་ཀྱིས།


Comments