འགྲམ་ལྕག་དེ་ངོ་མས་ཚ་སོང་།
- ཤེས་རབ་དར་རྒྱས། Sherab Dharge
- Jul 18, 2024
- 1 min read
རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ།
ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་དྲགས་པ་ཨེ་རེད། དེ་མིན་ན། འཇིག་རྟེན་འདི་ཇེ་སྡུག་ཏུ་འགྲོ་བཞིན་པ་གསལ་པོ་རེད། གང་ལྟར། ལོ་འདི་འགའི་རིང་ལ་བྲང་ཁོག་ཏུ་བསྲན་མི་ཐུབ་པའི་ན་ཟུག་སྦྱིན་མཁན་མཐོང་རྒྱུ་མང་ལ། སྡང་སེམས་དང་ཁྲོ་སེམས་ཀྱིས་ལས་སྒྲུབ་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་མཐོང་། དྲང་པོ་དང་ཡག་ལས་ལ་གནོད་པ་རྒོད། གཡོ་ཅན་དང་ཁྲམ་རྫུན་ལ་རྒྱབ་སྐྱོར་མང་། མང་ཆེ་བ་ངོ་དགའ་སྤྲེལ་ལད་དང་མི་བདེན་རྫུན་སྒྲིག་གིས་འཚོ། གཅིག་བྱས་ན། ལས་མ་དག་པ་ཟེར་ན་འདི་ཡིན་པ་འདྲ།ནང་མ་དག་ན་ཕྱི་མི་དག་ཟེར་བ་དངོས་གནས་ཡིན་ས་རེད།
མི་ཟེར་བ་འདི་ལ་ངུས་ཀྱང་མིག་ཆུ་མི་ཐོན་པའི་དུས་སྐབས་རེ་ཡོང་རྒྱུ་ཡོད་པ་འདི་ཡང་ཡ་མཚན་རེད། སེམས་ཀྱི་འཇམ་ཤ་ཇེ་རྩུབ་ལ་སོང་། ཀླད་པའི་མྱུར་ཚད་ཇེ་མགྱོགས་སུ་གྱུར། ཡི་ཆད་དང་འུ་ཐུག་གི་ཚོར་ཤེས་ཀྱང་ཇེ་དྲག་ནས་ཇེ་དྲག་ལ་ཕྱིན། རེད་མོད། ཡིག་འབྲི་བ་འཁྱམ་པོ་དག་དང་གཡོག་ལས་པ་ཚོར་བཅོས་ཐབས་ཅི་ཡོད། ལས་ཀྱི་བསྐོས་ཐང་རེད།
ལོ་ན་སུམ་ཅུར་སོན་མ་ཐག་པའི་དར་མ་ཞིག་ཆེས་གློ་བུར་དུ་འགྱེལ་སོང་བའི་གནས་ཚུལ་ངན་པ་དེ་སྤྱི་ལོ་ 2024 ཟླ་ 7 ཚེས་ 14 ཉིན་གང་སར་ཁྱབ། དུས་ཚེས་འདི་ནི་བུ་ཡི་ཚེ་སྲོག་ཤོར་བའི་གནས་ཚུལ་དེ་ཡབ་ཆེན་གྱི་སྐད་འཕྲིན་དུ་བཀོད་པའི་ཉིན་མོ་དེ་རེད། དམར་དཔུང་གིས་བར་སྐབས་ཤིག་ནས་གསོད་རྩིས་བྱས་མོད། ཐབས་ཤེས་ཀྱིས་དབུགས་ཐག་ཅུང་ཙམ་བསྲིང་ཐུབ་པ་འདྲ། འོན་ཀྱང་། མཐའ་མར་བསྒྱེལ་ནས་འགྱེལ་སོང་བ་རེད། འཇིག་རྟེན་འདིའི་གདུག་རྩུབ་ནི་ཇི་འདྲའི་རྩུབ་པོ་ཞིག་ཨང་།
དེ་ལྟ་དེ་ལྟར། སྐྱེས་ནས་འདས་པའི་མི་ལོ་སུམ་ཅུའི་(1994-2024)འཁྲུངས་འདས་ཀྱི་ལོ་ཚིགས་འདི་གཞི་ནས་ཁྱེད་ཀྱི་པུར་བྱང་སྟེང་དུ་ཕབ་སོང་ལ། བུ་ཕྲུག་གི་གྲངས་ཀ་ཆེན་པོ་ཞིག་ཁྱེད་ཀྱི་བྱས་རྗེས་སུ་བགྲངས་སོང་། ཡབ་ཆེན་གྱིས། སྡུག་ནག་པོ་ཁོག་ལ་བཅུག་ནས། དབུགས་རིང་པོ་མིད་པར་བསྐྱིལ་ནས། ལག་འདར་འདར་གྱིས།“ལོ་ན་གཞོན་ལ་སྐུ་ལུས་བཟང་སྒང་ཡིན་པས་ཇི་འདྲའི་སེམས་ཕངས་པ་ཞིག་ཡིན་མོད། མི་རྟག་པ་ནི་ནམ་ཡང་མི་རྟག་པ་ཡིན།” ཞེས་བྲིས། འདི་ནི་སེམས་གསོ་ཙམ་རེད། མི་རྟག་པ་ལ་སྙིང་རྗེ་མེད་པ་བདེན་མོད། མི་རྟག་པ་ལ་རྒྱུ་འབྲས་མེད་པ་མིན། མི་རྟག་པ་ཡང་བསམ་ཤེས་ཤིག་ཏན་ཏན་ཡིན། ངན་ཁག་ཚང་མ་མི་རྟག་པ་ལ་གཡོགས་མི་རུང་ཨང་།
ད་དུང་ཡབ་ཆེན་གྱིས། “སྐྱེ་བ་ཕྱི་མའི་སློབ་གསོ་ལ་སྨོན་ལམ་བརྒྱབས་ན་ཅིས་མི་ཆོག་”ཟེར། འུ་ཅག་སྐྱེ་བ་སྔ་ཕྱི་མེད་སར་སྐྱེས་ཤིང་སྐྱེ་བ་ཕྱི་མ་མེད་ས་ན་འཚོ་བཞིན་པ་ཡིན། འདི་ཡང་ཚོར་ཤེས་གནོན་བྱེད་ཙམ་རེད། སྐྱེ་བ་འདི་ལ་སྒྲུབ་མ་ཐུབ་ན། སྐྱེ་བ་ཕྱི་མ་ཟེར་བ་རྒྱང་རིང་རྒྱང་རིང་ཞིག་ན་ཡོད་སྲིད་མོད། སྐྱེ་བ་ཕྱི་མ་ཟེར་བ་མི་མཐོང་ས་ཞིག་ན་ཡོད་སྲིད་མོད། སྐྱེ་བ་ཕྱི་མ་ཟེར་བ་ངེས་གཏན་བྲལ་བ་ཞིག་ཅིས་ཀྱང་རེད། སྐྱེ་བ་ཕྱི་མས་འུ་ཅག་བསླུས་སྲིད། སྐྱེ་བ་ཕྱི་མས་འུ་ཅག་ཕུང་སྲིད། འོན་ཀྱང་། ཡབ་ཆེན་ཁྱེད་ལ་ཁག་མེད། དེ་མིན་ཁྱེད་ཀྱིས་རང་གི་གཅེས་ཕྲུག་ཚོར་སེམས་གསོ་ཇི་ལྟར་བྱེད། ཁྱེད་ཀྱིས་སྐྱེ་བ་འདི་བཞག་ནས་སྐྱེ་བ་ཕྱི་མ་ཞིག་གླེང་མི་འདོད་པ་སུས་ཀྱང་ཤེས།
ཆེས་གློ་བུར་གྱི་འགྲམ་ལྕག་དེ་ངོ་མས་ཚ་སོང་། ཚ་དགོས་རྒྱུ་རྣམས་ཚ་ཡོད་མེད་མི་ཤེས་མོད། བོད་ཀྱི་ཤེས་རིག་ལ་དུང་བ་རྣམས་ངོ་མས་ཚ་སོང་། བོད་མཐོ་སྒང་ལ་ཞེན་པ་ཚོ་ངོ་མས་ཕངས་སོང་། ས་དེ་ན། ཁྱེད་ཅག་གིས། ཅི་བྱེད་མི་ཤེས་པར། ཅི་ཤོད་མི་ཤེས་པར། ཅི་ལས་མི་ཤེས་པར། སྡུག་གཉེར་ཐོད་ལ་བསྡུས། དབུགས་རྒོད་བྲང་ཁར་བརྩེགས། གཅིག་གིས་གཅིག་ལ་མིག་ཧྲིག་སྟེ་བསྡད་ཡོད་པ་རི་འདབས་འདི་ནས་ལམ་ལམ་དུ་འཆར།
ཁག་མེད། ཁྱེད་ལ་ངོ་མས་ཁག་མེད། གདུག་རྩུབ་དེ། སྨྱོ་ཧམ་དེ། བདུད་ལས་དེ། དེ་ཚང་མ་ཁྱེད་ཀྱི་སྟེང་གློ་བུར་དུ་བསྐོར་རྒྱུ་ཡིན་པ་གང་ནས་ཤེས། ཁྱེད་འཚོ་ས་ཉིན་སྲིབ་ཀྱི་གདོང་ཁ་རེད། ཁྱེད་གནས་ས་གནམ་སའི་བར་མཚམས་རེད། དེས་མ་འགྲིག་པ་ཨེ་རེད། མཐོ་སྒང་དེས་ཅི་ཞིག་ལན་སོང་བ་ཡིན་ནམ། འགྲོ་ཞོར་སྡོད་ཞོར་ལ་གང་འདོད་དུ་གཡུགས་པའི་འགྲམ་ལྕག་དེ་སྟེས་དབང་གིས་ཁྱེད་ལ་ཕོག་སོང་བ་ཨེ་རེད། ཁྱེད་ལ་འགྲམ་ལྕག་གཞུས་ན་ཟུག་རྔུ་དེ་ལས་ཆེ་བ་མེད་པ་ཨེ་རེད། ཁྱེད་ཀྱིས་གུས་གུས་ཞུམ་ཞུམ་མ་བྱས་པ་ག་ནས་ཡིན། ཁྱེད་ཀྱིས་ཅི་ཞིག་མ་འགྲིག་པ་ཡིན་ནམ། ཁྱེད་ཀྱིས་ཅི་ཞིག་ནོར་བ་ཡིན་ནམ། འོ་ན། མི་ལོ་བཅུ་ཕྲག་དུ་མའི་རིང་ཁྱེད་ཀྱིས་མ་འགྲིག་པ་རྐྱང་རྐྱང་བྱས་ནས་ལོ་སུམ་ཅུར་སོན་པ་ཨེ་རེད།
སྐོར་ཞིག་གིས་ཁྱེད་འགྱེལ་སོང་བར་མ་བཟོད་ནས། “ཕྱི་བལྟས་རྫ་རི་སྨུག་པོ་དང་ནང་བལྟས་རྫ་ཁོག་སྟོང་བ་”རེད་ཟེར་བའི་འཁང་ཚིག་བསྒྲགས། འདི་སུ་ལ་གཟས་པ་འུ་ཅག་གིས་ལོས་ཤེས། འགུལ་རྒྱུ་ཞིག་ཡོད་ན་འགུལ་དགོས་ཚོད་དང་སྟོན་རྒྱུ་ཞིག་ཡོད་ན་སྟོན་དགོས་ཚོད་རེད་མོད། ཚང་མ་ཚར་སོང་ན་ཁྱིམ་གཞི་སྟོངས་རྒྱུ་རེད། ཁྱིམ་མིས་ཁྱིམ་མིར་འཁང་བ་མི་ཡི་གཤིས་ཀ་རེད། “སྲན་མ་སོ་ཡིས་མ་ཆོད་ན་ཡོས་ལ་སྡང་”ཟེར་བ་ཞིག་ཀྱང་ཡོད། སེམས་གསོ་རེ་བྱས་ནས་ཐབས་ཇུས་རེ་ལ་རེམ་རྒྱུ་དེ་ཁོ་ན་གནད་དོན་ཡིན།
“རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་།” ཁྱེད་ཀྱི་མིང་དེ་ཧ་ཅང་རྫིག་ཆེ། ཁྱེད་ཀྱི་མིང་དེ་དོན་ལ་གནས་ཆེ། ཁྱེད་ཀྱི་ཁོག་པར་ནོར་བུས་གང་། ཁྱེད་ཀྱི་ཁ་ནས་ནོར་བུ་བསྐྱུགས། ཁྱེད་ནི་ངོ་མ་ནོར་བུའི་གླིང་རེད། ཁྱེད་ནི་དོན་ལ་བོད་གངས་ལྗོངས་ཀྱི་ཤེས་རིག་གི་ནོར་བུ་སྤུངས་པའི་གླིང་ཆེན་རེད། ཁྱེད་འདས་སོང་བར་ཧ་ཅང་ཕངས། ཁྱེད་འཇིག་སོང་བར་ཤིན་ཏུ་སྐྱོ། བོད་ཡིག་འབྲི་ཐེངས་རེ་རེར་ཟེར་ན་མི་ཤེས་མོད། བོད་ཀྱི་ཤེས་རིག་གི་ལས་དབང་གླེང་ཐེངས་རེ་རེར་ཁྱེད་ཉིད་དྲན། ཁྲག་དམར་གྱིས་ཚོས་པའི་སྲིད་ལུགས་དམར་པོ་དེ་དྲན་ཐེངས་རེ་རེར་ཁྱེད་ཉིད་གླེང་། ཁྱེད་ཀྱིས་བཞག་པའི་བྱས་རྗེས་ཧ་ཅང་མང་།
མ་བུ་གཅིག་པའི་དུང་བ་ལྟར་ཟེར་ན་རྫུན་ཡིན་མོད། ཉིན་འདི་འགའི་རིང་། མཐོ་སྒང་གི་ཤེས་རིག་ལ་དུང་བའི་དབང་གིས། ཇ་ཁ་ཆང་ཁ་དང་ཟས་ཁ་མགྲོན་ཁ་ནས་ཁྱེད་ ཉིད་གླེང་བ་ཉུང་ཉུང་མིན། གལ་ཏེ། ཁྱེད་རང་དམར་གསོད་བཏང་བ་གསར་འགྱུར་ཙམ་དུ་ལུས་ན་ཅི་བྱེད། གལ་ཏེ་ཁྱེད་ཉིད་འདས་པའི་མྱ་ངན་ཤོག་ངོས་སུ་ལྷག་ན་ཅི་བྱེད། གལ་ཏེ་ཁྱེད་ལ་བཅངས་པའི་བརྩེ་བ་སྡིངས་ཆའི་དྲིལ་སྒྲོག་ཙམ་དུ་གྱུར་ན་ཅི་བྱེད། ཁྱེད་ལ་དོན་དམ་གྱིས་མྱ་ངན་བྱེད་མཁན་ནི་བོད་ཀྱི་ཤེས་རིག་གི་བདག་པོ་རྣམས་རེད། བོད་ཀྱི་རྩམ་ཟན་རྣམས་ཡིན། སློབ་གཙོ་སློབ་དཔོན་སློབ་མ་ལས་བྱེད་སྦྱིན་བདག་དང་བཅས་པར་གདུང་སེམས་མཉམ་བསྐྱེད་བྱེད། ཨོཾ་མ་ཎི་པདྨེ་ཧཱུཾ།
སྤྱི་ཟླ་ 2024 ཟླ་ 7 ཚེས་ 18 ཉིན་ལས་གསེང་ནས།
ཤེས་རབ་དར་རྒྱས་པས་སེམས་གསོ་ཞིག་གི་ཚབ་ཏུ་ཕུལ།
Comments