top of page
Search

རླུང་འཚུབ་ཀྱིས་ལངས་མེད་དུ་བསྒྱེལ་བའི་གསོམ་སྡོང་དཀར་པོ།

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Oct 19, 2020
  • 2 min read

Updated: Mar 6

--ངས་ཤེས་རྟོགས་བྱུང་བའི་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལགས།

ree

རྒྱལ་མཆོག་བཅུ་གསུམ་པ་ཆེན་པོར་སྤྱན་གསལ་སྐལ་ལྡན་ལགས་དང་། ཐུབ་བསྟན་རྣམ་གྲོལ་ལགས། བདེ་ཆེན་དབྱིངས་གསལ་ལགས། མངའ་རིས་རིན་པོ་ཆེ། སེར་བྱེས་ཀེའུ་ཚང་རིན་པོ་ཆེ་སོགས་སྤྱན་གསལ་སྔ་ཕྱི་མང་ཙམ་ཡོད་ལ། དེའི་ཁྲོད་དུ་རྒྱ་རིགས་ཤིག་ཀྱང་ཡོད་པ་ནི་“སྤྱན་གསལ་རྒྱ་ཕྲུག་”གམ་“སན་འབྱོར་ལགས་”ཞུ་བ་དེ་རེད། འདི་ལ་ལོ་རྒྱུས་སྙན་པོ་འགའ་ཡོད་ཀྱང་འདིར་མི་འབྲི།

རྒྱལ་བའི་སྤྱན་གསལ་རྣམས་ལས་སྲིད་དོན་ལོ་རྒྱུས་ཁྲོད་གཙོ་གྲས་སུ་གྱུར་པ་ནི་སྤྱན་གསལ་གནམ་གང་ངམ་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་དང་། སྐུ་བཅར་ཐུབ་བསྟན་ཀུན་འཕེལ་ལགས། ལུང་ཤར་རྡོ་རྗེ་ཚེ་རྒྱལ་བཅས་གསུམ་རེད། དེ་གསུམ་གྱི་ཁྲོད་ནས་ཀུན་འཕེལ་ལགས་ནི་སྐུ་འཁོར་ནང་མའི་ཞབས་གཡོག་པ་ཡིན་པས་“སྐུ་བཅར་”ཞེས་ཀྱང་ཞུ།

ལུང་ཤར་ངོས་འཛིན་བྱེད་ཚུལ་ལ། དེ་སྔའི་བོད་ཀྱི་གཞུང་ཞབས་རྒན་གྲས་འགས་རྩིས་པ་ལུང་ཤར་གྱིས་སྨན་སྦྱངས་པ་དང་ནུབ་ཕྱོགས་སུ་ཕེབས་ཏེ་ལོ་ཤས་བཞུགས་པས་ཤེས་ཡོན་ཆེ་ཟེར། འདི་ནི་སྡོམ་རྒྱག་སྟངས་ཆེས་སྟབས་བདེ་ཤོས་དེ་རེད། དེང་རབས་གཞོན་སྐྱེས་དུ་མས་ཁོང་གསར་བརྗེ་བ་ཆེན་པོ་ཞིག་རེད་ཟེར། འདིའི་ཕུགས་དོན་ནི་ཤེས་དཀའ། ཡང་མི་རྒན་སྐོར་ཞིག་གིས་གཞུང་བླ་གཉིས་བར་གྱི་དབྱེན་དཀྲུག་པ་ཆེན་པོ་ཞིག་རེད་ཟེར། འདི་ལ་བརྟག་དཔྱད་བྱེད་རྒྱུ་ཤིན་ཏུ་མང་།

ree

(སྤྱན་གསལ་ཀུན་འཕེལ་ལགས།)

གཞུང་བླ་ཞེས་བྲིས་ན་མདོ་སྟོད་སྨད་ཀྱི་གསར་བུ་འགའ་ཡིས་མི་ཤེས་པ་ཡོང་སྲིད། འདི་ལྟ་བུའི་ཀློག་མཁན་རྣམས་སྣང་མེད་དུ་བཏང་ན་རྩོམ་པ་པོའི་འགན་མ་ཁྱེར་བ་ཡིན། ལར་ནས། བྲིས་པ་ནི་ཀློག་པའི་ཆེད་དང་། ཀློག་པ་ནི་ཤེས་པའི་ཆེད་རེད། གང་ལྟར། གཞུང་བླ་ནི་སྲིད་གཞུང་དང་བླ་བྲང་གཉིས་ཀྱི་བསྡུས་ཚིག་སྟེ། གཞུང་ནི་ལྷ་སའི་མཐིལ་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་དང་། བླ་བྲང་ནི་གཙང་གི་བཀྲ་ཤིས་ལྷུན་པོའི་པཎ་ཆེན་བླ་བྲང་རྒྱལ་མཚན་མཐོན་པོ་ཞེས་པ་དེ་རེད། གཞུང་བླའི་སྐོར་ཤོད་དུས། སྐབས་རེར་དབུས་གཙང་གཉིས་ལ་གོ་འགྲོ་བ་དང་། མཚམས་རེར་རྒྱལ་བ་པཎ་ཆེན་གཉིས་ལ་གོ་འགྲོ་བ་སོགས་སྐབས་སྟོབས་ཀྱིས་གོ་ཚུལ་འགའ་ཞིག་ཡོད།

ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལགས་སྤྱི་ལོ་ 1881 ལོར་གཞིས་རྩེ་བཞད་མཐོང་སྨོན་རྫོང་ཁོངས་ཀྱི་རྟ་ནག་ཁུལ་དུ་ཡབ་ལུང་ཤར་ལྷུན་གྲུབ་རྡོ་རྗེ་དང་ཡུམ་བདེ་ཆེན་པདྨོ་གཉིས་ཀྱི་སྲས་སུ་འཁྲུངས་ཞེས་ཁོང་གི་སྲས་ལྷ་ཀླུ་ཚེ་དབང་རྡོ་རྗེས་གསུངས། ལུང་ཤར་ལགས་སྙན་གྲགས་རྒྱས་པའི་དུས་ནི་རྩིས་པ་གནང་བའི་སྐབས་ཏེ། དུས་དེ་ཤེད་ནས་རྩིས་པ་ལུང་ཤར་ཞེས་ལྷ་སའི་ཁུལ་དུ་སྙན་གྲགས་ཤིན་ཏུ་ཆེ་ལ། བློ་སྟོབས་དང་སྤྱང་གྲུང་ཉིས་འཛོམས་ཤིག་ཀྱང་ཡིན་ཚོད་དུ་སྣང་།

ཆུ་བྱི་ཟླ་ ༡༡ ཚེས་ ༡༥ སྤྱི་ལོ་ 1912 ཟླ་ 12 ཚེས་ 24 ཉིན་རྒྱལ་མཆོག་བཅུ་གསུམ་པ་ཆེན་པོའམ་བོད་གཞུང་གིས་རྩིས་པ་ལུང་ཤར་ལ་གོ་གནས་སྤར་ཏེ་ལས་འགན་ཆེན་པོ་ཞིག་གནང་བར་མ་ཟད། ངོ་སྤྲོད་ཕྱག་འཁྱེར་དམིགས་བསལ་བ་ཞིག་ཀྱང་གནང་ཡོད། དེ་ནི་ལོ་ ༡༧ ལ་སོན་པའི་གྲྭ་པ་སྨོན་གྲོང་མཁྱེན་རབ་ཀུན་བཟང་དང་། ལོ་ ༡༦ ལ་སོན་པའི་སྒོག་མཁར་བ་བསོད་ནམས་མགོན་པོ། ལོ་ ༡༡ ལ་སོན་པའི་བྱང་ངོས་པའམ་རིན་སྒང་བ་རིག་འཛིན་རྡོ་རྗེ། ལོ་ ༡༦ གམ་ ༡༧ ལ་སོན་པའི་སྐྱིད་སྦུག་པ་དབང་འདུས་ནོར་བུ་བཅས་དབྱིན་ལན་དུ་གཏོང་བའི་གཞུང་འབྲེལ་སྟ་གོན་གྲུབ་པའི་སྐབས་དེ་རེད།

ree

(ལུང་ཤར་སོགས 1913 ཟླ་ 2 ནང་སྒང་ཏོག་ཏུ་འབྱོར་བའི་སྐབས།)

ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ཀྱི་ངོས་ནས་ལུང་ཤར་ངོ་ཤེས་དགོས་ན། གོང་དུ་བཤད་པའི་ངོ་སྤྲོད་ཕྱག་འཁྱེར་གྱི་བརྗོད་དོན་གཙོ་བོ་དེ་ཤེས་དགོས། དོན་དམ་བཤད་ན། བཙན་བྱོལ་དུ་འབྱོར་བའི་བོད་ཀྱི་མི་རྒན་བརྩམས་ཆོས་ཅན་ཚོས་ཕྱག་འཁྱེར་དེ་ཕྱི་གསལ་ནང་གསལ་གྱིས་གསུང་དགོས་ཀྱང་དེ་ལྟར་གནང་མེད། ཕྱི་མི་ཉམས་ཞིབ་རྩོམ་པ་པོ་ཁྲོམ་བྷི་རའོན་སི་ཡིས་ཞིབ་འཇུག་གནང་སྟེ་ལུང་ཤར་ལགས་རྒྱལ་བ་རིན་པོ་ཆེའམ་བོད་གཞུང་གི་སྐུ་ཚབ་ཏུ་མངགས་གཏོང་མཛད་ཡོད་པ་འདྲ་ཞེས་གྲུབ་དོན་གཏན་ལ་ཕབ་ཡོད། ཤེས་རྟོགས་དེ་ཙམ་ཞིག་བྱུང་བ་ཡང་ཧ་ལས་དགོས་པ་ཞིག་རེད། ཡང་ཁོང་གིས། “རྒྱལ་ས་ལོན་ཌོན་དུ་བོད་ཀྱི་དོན་གཅོད་ཁང་ལྟ་བུའི་ཁང་པ་ཞིག་ཟུར་དུ་འཛིན་འདོད་ཀྱིས་ཐབས་ཤེས་ཀྱང་གནང་”ཡོད་ཅེས་ལུང་ཤར་ལགས་ཀྱིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་བོད་ཀྱི་དོན་གཅོད་ཁང་འཛུགས་ཐབས་གནང་ཚུལ་ཞིག་ཀྱང་བྲིས་ཡོད། དེ་ནི་དེ་བས་ཀྱང་ཤེས་རྟོགས་ཆེན་པོ་ཞིག་རེད། ཉམས་ཞིབ་རྩོམ་པ་པོ་དག་གིས་ཁུངས་ལུང་མེད་པར་ཚོར་བ་ཙམ་ཞིག་མི་འབྲི་བས་རྩོམ་པ་པོ་ཁོང་གིས་ཀྱང་ཁུངས་དང་བཅས་ཏེ་བྲིས་ཡོད།

ཨ་རིའི་ཉམས་ཞིབ་རྩོམ་པ་པོ་མེལ་ལགས་ནི་གྲུང་ཤ་དོད་ཅིང་རྒྱབ་སྐྱོར་བརྟན་པ་དང་། མཐུན་རྐྱེན་ཚང་ཞིང་བརྩོན་པ་ཆེ་བ་སོགས་ཞིབ་འཇུག་པ་ལ་དགོས་པའི་ཆ་རྐྱེན་རྣམས་ཡོངས་སུ་ཚང་བ་ཞིག་རེད། ཁོང་གིས། རྒྱལ་བ་རིན་པོ་ཆེའམ་བོད་གཞུང་གིས་ལུང་ཤར་ལ་སྩལ་བའི་ངོ་སྤྲོད་ཕྱག་འཁྱེར་གྱི་ཚིག་དྲངས་ཏེ་ལོ་རྒྱུས་བྲིས་ཡོད། ཁོང་ལྟ་བུས་འགྲོ་གྲོན་དང་དཀའ་ཚེགས་ལ་མ་འཛེམས་པར་བྲིས་མེད་ན། བོད་མི་ཚོས་དེ་ལྟ་བུར་འགྲོ་གྲོན་མི་གཏོང་ལ། བཏང་ཡང་གྲུབ་འབྲས་ཐོན་མིན་མི་ཤེས། གང་ལྟར། ཁོང་གིས་དྲངས་པ་ནི། “དབྱིན་ཇིའི་གཞུང་ལ་ཕྱག་རྟགས་འབུལ་རྒྱུ་དང་བོད་ཀྱི་བདེ་སྡུག་ཐད་གྲོས་བསྡུར་བྱེད་པའི་དབང་ཚད་ཡོད།” ཅེས་པ་འདི་རེད། འདི་དབྱིན་འགྱུར་ནས་ཕྱིར་བོད་ཡིག་ཏུ་བསྒྱུར་བ་ཡིན་པས་ཕྱག་འཁྱེར་གྱི་བོད་ཚིག་ངོ་མ་ལྟར་ཡོང་ཡོད་མེད་མི་ཤེས། རྩོམ་པ་པོ་མེལ་ལགས་ཀྱིས་ལུང་འདྲེན་གནང་ས་ནི་ངོ་སྤྲོད་ཕྱག་འཁྱེར་དབྱིན་ཡིག་ཏུ་བསྒྱུར་བ་དེ་རེད། གནད་འགག་ཚང་མའི་ཐུག་ས་ནི་ཕྱག་འཁྱེར་སྟེང་འཁོད་པའི་གནད་དོན་དེ་རེད།

རྒྱལ་བ་རིན་པོ་ཆེའམ་བོད་གཞུང་གིས་ལུང་ཤར་ལ། “བོད་ཀྱི་བདེ་སྡུག་ཐད་གྲོས་བསྡུར་བྱེད་པའི་དབང་ཚད་ཡོད།” ཅེས་གསུངས་པ་འདི་ཡིག་ཐོག་གི་ཆོག་མཆན་དང་བཀོད་མངགས་རེད། ད་དུང་ངག་ཐོག་གི་ལམ་སྟོན་དང་གསང་བའི་བཀོད་ཁྱབ་དམིགས་བསལ་བ་དུ་མ་ཡོད་པ་ནི་ཐེ་ཚོམ་བྱེད་མི་དགོས་པ་ཞིག་རེད། དེ་ནི་ལུང་ཤར་རྒྱ་གར་ས་ཐོག་ཏུ་འབྱོར་མ་ཐག་ནས་ཅི་གནང་ལ་བསམས་ན་མི་ཤེས་རྒྱུ་དེ་ཙམ་མེད།

ད་དུང་ཤེས་དགོས་པའི་ལོ་རྒྱུས་གལ་ཆེན་ཞིག་ཡོད་པ་ནི། རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་ལུའུ་ཅུན་རྒྱ་དམག་ལ་ཉེན་གཡོལ་གནང་སྟེ་རྒྱ་གར་རྡོ་རྗེ་གླིང་དུ་བཞུགས་སྐབས། “རྒྱལ་དབང་སྐུ་ངོ་མ་དབྱིན་ལན་དུ་ཆིབས་བསྒྱུར་བསྐྱངས་ཏེ་དབྱིན་ཇི་རྒྱལ་པོ་འཇོར་ལྗི་ལྔ་པར་མཇལ་འཕྲད་དང་བོད་དོན་ཞུ་སྐུལ་ཐད་ཀར་གནང་”རྒྱུའི་དགོངས་པ་ཤུགས་ཆེར་བཞེས་པ་དེ་རེད། འོན་ཀྱང་། དབྱིན་ཇིས་ཨུ་ཚུགས་ཆེན་པོས་ཡང་ཡང་བཤོལ་བཏབ་པར་མ་ཟད། རྒྱ་གར་དུ་ཡོད་པའི་དབྱིན་གཞུང་གི་དཔོན་རིགས་ཚོས་དབྱིན་ཇིའི་རྒྱལ་པོའི་ས་ནས་ཕྱག་བྲིས་བླངས་ཏེ་རྒྱལ་དབང་མཆོག་དབྱིན་ལན་དུ་ཕེབས་མི་ཐུབ་པར་བྱས་ཡོད། དེའི་དབང་གིས། རྒྱལ་དབང་མཆོག་ནས་དགོངས་པ་བསྐྱར་དུ་བཞེས་ཏེ་ལུང་ཤར་དབྱིན་ལན་དུ་མངགས་གཏོང་མཛད་པ་གསལ་པོ་རེད།

ree

(རྒྱལ་དབང་བཅུ་གསུམ་པ་མཆོག་རྒྱ་གར་དུ་དབྱིན་ཇི་སྐུ་ཞབས་སྦེལ་སོགས་དང་ལྷན།)

བོད་མི་ཡིག་འབྲི་བ་འགའ་ཞིག་གིས་མ་བརྟགས་མ་དཔྱད་པར་ཕྱི་མི་སྲིད་དོན་པའི་ཚིག་ལ་བཟླས་ཏེ། དབྱིན་ཇིའི་དཔོན་རིགས་སྐུ་ཞབས་སྦེལ་གྱིས་རྒྱལ་དབང་བཅུ་གསུམ་པར་དགོངས་འཆར་ཕུལ་བས་ལུང་ཤར་དང་བུ་ཕྲུག་བཞི་དབྱིན་ལན་དུ་བཏང་བ་དང་། དེ་ཡང་བོད་ཀྱི་སྲིད་ལུགས་དེང་རབས་ཅན་དུ་བསྒྱུར་བའི་ཆེད་རེད་ཟེར། བོད་ལུགས་དེང་རབས་ཅན་དུ་བསྒྱུར་བ་རྒྱལ་དབང་བཅུ་གསུམ་པའི་དགོངས་པ་ལོས་ཡིན་ཀྱང་། དོན་དམ་བཤད་ན། ལུང་ཤར་བོད་གཞུང་ངམ་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཏུ་བསྐོ་གཞག་སྩལ་ཏེ་མངགས་གཏོང་མཛད་པའི་དམིགས་དོན་གཙོ་བོ་ནི། འཛམ་གླིང་གི་རྒྱལ་ཁབ་གཙོ་གྲས་དག་གི་རྒྱབ་སྐྱོར་ཐོབ་པའི་འོག་ནས་མི་འགྱང་བར་བོད་རང་བཙན་དྲིལ་བསྒྲགས་གནང་ཐུབ་པའི་སླད་རེད། བོད་ཀྱི་མི་བོ་ཆེ་དག་གིས་གནད་དོན་འདི་མ་བཤད་ཅིང་མི་ཤོད་པ་ཅི་ཡིན་ནམ།

ree

(རྒྱལ་དབང་བཅུ་གསུམ་པ་དང་སྐུ་ཞབས་སྦེལ།)

ལུང་ཤར་ལགས་ཀྱིས་བུ་ཕྲུག་བཞི་པོ་དེ་ཁྲིད་ནས་དབྱིན་ལན་དུ་འགྲུལ་བཞུད་གནང་སྐབས་ལྷན་དུ་ཕེབས་མཁན་ནི་ལུང་ཤར་གྱི་ལྷ་ལྕམ་བསྟན་འཛིན་སྒྲོལ་དཀར་ལགས་དང་ལས་གཡོག་བོད་མི་གཉིས། རྒྱ་གར་དབྱིན་གཞུང་གིས་བཀོད་སྒྲིག་གནང་བའི་འབྲས་ལྗོངས་པ་ལེགས་ལྡན་ལགས་དང་དེའི་བུ་བགྲེས་ཤོས་བསོད་ནམས་སྟོབས་རྒྱས་སམ་དབྱིན་མིང་དུ་ཁྲོམ་ཞེས་འབོད་པ། རྒྱང་རྩེའི་དབྱིན་ཇིའི་ཚོང་དོན་སྐུ་ཚབ་བྷ་སིལ་གྷོལ་ཌི་བཅས་རེད། ལེགས་ལྡན་ལགས་ལུང་ཤར་དང་ལྷན་དུ་བཏང་བ་ཅིའི་ཕྱིར་ཡིན་ནམ་སྙམ་ན། གཙོ་བོ་ནི་ལུང་ཤར་གྱི་བྱ་བྱེད་ལ་ཐེ་ཇུས་སྟངས་འཛིན་དང་ལྟ་རྟོག་མྱུལ་ཞིབ་བྱེད་རྒྱུ་དེ་རེད།

ལུང་ཤར་སྐུ་འཁོར་རྒྱ་གར་དུ་འབྱོར་མ་ཐག་ལུང་ཤར་ལགས་ཀྱིས་ཕྱི་འབྲེལ་ལས་དོན་གྱི་མགོ་བརྩམས་ཡོད། དེ་ནི་ལུང་ཤར་གྱི་ལས་དབང་གི་ཁ་ཕྱོགས་གཞན་དུ་འགྱུར་བ་ལ་མངོན་དུ་ཕྱོགས་པའི་དུས་སྐབས་ཆེས་ཐོག་མ་དེ་རེད། དེ་ཡང་ཁོང་ཚོ་རྒྱ་གར་གྱི་གྲོང་ཁྱེར་“ཀལ་ཀ་ཏ་ནས་མ་ཐོན་གོང་། ལུང་ཤར་གྱིས་གསང་བའི་སྒོ་ནས་རྒྱ་ནག་དང་ཉི་ཧོང་གི་གསང་བའི་མི་སྣར་འབྲེལ་བ་བྱས་”ཤིང་། དབྱིན་ཇིའི་རྒྱལ་ས“ལོན་ཌོན་དུ་[ཡང་]ལུང་ཤར་གྱིས་དུས་ནས་དུས་སུ་ལེགས་ལྡན་ལགས་ལ་གཡོལ་ཐབས་བྱས་ཏེ། རྒྱ་ནག་གི་དོན་གཅོད་ལ་གསང་བའི་སྒོ་ནས་འབྲེལ་བ་བྱས་”ཟེར། གནས་ཚུལ་འདི་ཤེས་མཁན་དང་ཤོད་མཁན་གཉིས་ཀ་ལེགས་ལྡན་ལགས་རེད། ལུང་ཤར་གྱི་ལས་དབང་ལ་འགྱུར་ལྡོག་བྱུང་སྟེ་མཐར་བཙོན་དུ་ཕེབས་པའི་རྩ་བ་བསྔོགས་ན་ཐུག་ས་དེ་འདི་ཡིན།

ree

(པང་དུ་ཁྱི་བཟུང་སྟེ་བཞུགས་པ་ནི་འབྲས་ལྗོངས་པ་ལེགས་ལྡན་ལགས་ཞེས་པ་དེ་རེད།)

དེས་ན། ལུང་ཤར་གྱིས་ཉི་ཧོང་དང་རྒྱ་ནག་གི་སྲིད་དོན་མི་སྣར་འབྲེལ་བ་གནང་བ་དེ་མ་འགྲིག་པ་ཡིན་ནམ། རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་དང་སྐབས་དེའི་ཞབས་པད་རྣམ་པ་དང་ལུང་ཤར་རྡོ་རྗེ་ཚེ་རྒྱལ་བཅས་ད་ལྟ་བཞུགས་མེད་པས། ཡིག་ཐོག་ཏུ་མ་བཀོད་པར་ཞལ་ནས་བཀོད་མངགས་གནང་བའི་ནང་དོན་ངོ་མ་ང་ཚོས་ཤེས་ཐབས་མེད། འོན་ཀྱང་། ངོ་སྤྲོད་ཕྱག་འཁྱེར་ནང་“བོད་ཀྱི་བདེ་སྡུག་ཐད་གྲོས་བསྡུར་བྱེད་པའི་དབང་ཚད་ཡོད།” ཅེས་གསལ་བར་བསམས་ན། ལས་དོན་དེ་དག་སྒྲུབ་དགོས་པའི་ཞལ་བཀོད་ཡོད་པར་ང་ཚོས་ཚོད་དཔག་བྱེད་ཐུབ་ལ། ལྷག་པར་དུ། སྐབས་དེའི་བོད་གཞུང་བཀའ་ཤག་ནས་མཚན་ཞབས་རྡོ་རྗེ་ཡིབ་ལ་གནང་བའི་ཕྱག་བྲིས་ཤིག་གི་ནང་། “དབྱིན་ཇི་རྒྱལ་བློན་ལ་ལེགས་འབུལ་དོན་གཅོད་མི་སྣར་རྩིས་པ་ལུང་ཤར་སློབ་ཕྲུག་བཅས་ཆེད་རྫོང་”གནང་ཡོད་ཚུལ་བྲིས་ཡོད་པ་འདི་ལ་བསམས་ན། ལས་དོན་དེ་དག་སྒྲུབ་པའི་དབང་ཚད་དང་སྒྲུབ་དགོས་པའི་བཀོད་མངགས་ཡོད་པ་གསལ་པོ་རེད། དེ་མིན་“དོན་གཅོད་མི་སྣར་”ཞེས་གསུང་དགོས་དོན་མེད། དེ་ནི་ད་ལྟའི་ཤོད་སྲོལ་ལྟར་ན་ཕྱི་འབྲེལ་སྐུ་ཚབ་ཅེས་པ་དེ་ཡིན་པ་འདྲ།

སྐབས་དེའི་ལུང་ཤར་གྱི་གནས་བབ་འཚོལ་དགོས་དོན་ཅི་ཡིན་ནམ། ལུང་ཤར་གྱི་གནས་བབ་ནི་དེ་འདྲའི་གལ་ཆེན་ཞིག་ཡིན་ནམ་ཟེར་ན། དེ་ལོས་ཡིན། རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་ནས་ལུང་ཤར་ལགས་དབྱིན་ལན་དུ་མངགས་གཏོང་མཛད་པ་དང་བོད་རང་བཙན་ཡིན་པ་འཛམ་གླིང་མི་སྡེ་ཡོངས་ལ་སྒྲོག་རྒྱུ་གཉིས་འབྲལ་ཐབས་མེད།གནད་དོན་འདིའི་སྟེང་ནས་ལྟ་ཤེས་ན། ལོ་རྒྱུས་ཀྱི་གནད་ཀ་ངོ་མ་དེ་ངོས་འཛིན་བྱེད་ཐུབ་པ་ཡིན་ལ། ལུང་ཤར་ངོས་འཛིན་ཡང་མ་ནོར་བ་ཞིག་ཡོང་ངེས་ཡིན།

ད་ལྟའི་བོད་ཀྱི་ཡིག་ཆ་ཆེན་པོར་གྲགས་པ་དག་ཏུ་ལུང་ཤར་གྱི་གནས་བབ་གལ་ཆེན་དེ་གསལ་བཤད་མ་གནང་བའི་ཁར། དབྱིན་ཇིའི་བྱེད་བབ་དང་མཚུངས་པར་སྦེད་ཐབས་ཀྱང་གནང་ཡོད། ད་དུང་བོད་རིགས་སྐོར་ཞིག་གིས། ལུང་ཤར་གྱིས་རང་ཉིད་བོད་གཞུང་ངམ་རྒྱལ་བ་རིན་པོ་ཆེའི་ཕྱི་འབྲེལ་སྐུ་ཚབ་ཡིན་པ་ལྟར་བྱས་པ་རེད་ཅེས་ཕྱི་མིའི་ཚིག་བབ་བསྐྱར་ཟློས་བྱས་ནས་མི་འདོད་པའི་རྣམ་འགྱུར་བསྟན་ཏེ་ཡིག་འཇོག་བྱས་ཡོད། འོན་ཀྱང་། སྐབས་དེའི་བོད་གཞུང་གི་འགྲོ་ལུགས་ཤེས་མཁན་ཞིག་ཡིན་ན། ཆོག་མཆན་དང་བཀོད་མངགས་མེད་པར་ལུང་ཤར་གྱིས་གང་འདོད་གནང་མི་ཐུབ་པ་ལོས་ཤེས།

རྩིས་པ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་འཁོར་བཅས་དབྱིན་ཡུལ་དུ་ཕེབས་སྐབས་ལུང་ཤར་གྱི་ཕྱག་ཏུ། རྒྱལ་དབང་མཆོག་ནས་དབྱིན་ཇིའི་གོང་མ་འཇོར་ལྗི་ལྔ་པར་སྩལ་བའི་གསུང་འཕྲིན་བཀའ་ཡིག་གཅིག་དང་། དབྱིན་ཇིའི་རྒྱལ་མོ་མེའེ་རེ་ལ་སྩལ་བའི་གསུང་འཕྲིན་བཀའ་ཡིག་གཅིག །དབྱིན་ཇིའི་སྤྱི་ཁྱབ་བློན་ཆེན་ལ་སྩལ་བའི་བཀའ་ཡིག་གཅིག །དབྱིན་གཞུང་སློབ་གཉེར་སྤྱི་ཁྱབ་ལ་སྩལ་བའི་བཀའ་ཡིག་གཅིག །དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ལ་སྩལ་བའི་བཀའ་ཡིག་གཅིག །ལུང་ཤར་རང་ཉིད་ལ་སྩལ་བའི་ངོ་སྤྲོད་ཕྱག་འཁྱེར་གཅིག་བཅས་བཀའ་ཡིག་དྲུག་ཡོད།

ལུང་ཤར་སོགས་སྤྱི་ལོ་ 1913 ཟླ་ 4 ཚེས་ 5 ཉིན་རྒྱ་གར་ལྷོ་ཕྱོགས་འབོམ་བྷེ་ནས་གྲུ་གཟིངས་ནང་བཞུགས་ཏེ་ཟླ་ 4 ཚེས་ 24 ཉིན་དབྱིན་ཇིའི་ས་ཐོག་ཏུ་འབྱོར། ལུང་ཤར་གྱི་གནང་སྟངས་མང་པོ་ཞིག་དབྱིན་ཇིའི་བློ་ལ་མ་སོང་བར་བརྟེན། དབྱིན་ཇིས་སྤྱི་ལོ་ 1913 ཟླ་ 5 ཚེས་ 13 ཉིན་རྒྱལ་དབང་མཆོག་ལ་ཕྱག་བྲིས་ཕུལ་ཏེ་ལུང་ཤར་ཕྱིར་འབོད་འགུག་གནང་རོགས་ཞེས་ཞུས། འོན་ཀྱང་། རྒྱལ་དབང་མཆོག་ནས་ཞལ་བཞེས་མ་གནང་། “དེ་ནི་རྒྱལ་བ་རིན་པོ་ཆེས་ལུང་ཤར་གྱི་ལས་དོན་དེ་དག་གལ་ཆེར་གཟིགས་པའི་སྟབས་ཀྱིས་ཡིན་པར་འདྲ་”ཞེས་ཕྱི་མི་ཉམས་ཞིབ་པས་ཡིག་འཇོག་བྱས། སྤྱི་ལོ་ 1913 ཟླ་ 6 ཚེས་ 28 ཉིན་ལུང་ཤར་འཁོར་བཅས་ཀྱིས་དབྱིན་ཇི་གོང་མ་རྒྱལ་པོ་དང་བཙུན་མོ་གཉིས་ལ་མཇལ་འཕྲད་ཞུས་ཏེ་བཀའ་ཡིག་དང་ཕྱག་རྟགས་བཅས་ཕུལ།

ree

(སྤྱི་ལོ་ 1913 ཟླ་ 6 ཚེས་ 28 ཉིན་དབྱིན་ཇིའི་རྒྱལ་ཁང་དུ་བཅར་སྐབས་ཏེ། དང་པོ་ལུང་ཤར་དང་བོད་ཕྲུག་བཞི། ཟུར་གྱི་བུ་ཆུང་དེ་ལེགས་ལྡན་ལགས་ཀྱི་བུ་བསོད་ནམས་སྟོབས་རྒྱས་དང་། གཞན་དེ་ནི་དབྱིན་ཇི་བ་བྷ་སིལ་གྷོལ་ཌི་ཞེས་པ་དེ་རེད།)

སྤྱི་ལོ་ 1913 ཟླ་ 7 ནས་མགོ་བཙུགས་ཏེ་ལུང་ཤར་ལགས་རྒྱལ་ཁབ་དུ་མའི་ནང་འགྲུལ་བཞུད་གནང་བར་ལེགས་ལྡན་ལགས་ཀྱང་ཁོང་དང་ལྷན་དུ་ཕེབས། སྐུ་ཞབས་མེལ་ལགས་ཀྱིས། “དབྱིན་ཇིའི་ལོ་རྒྱུས་ཀྱི་ཟིན་ཐོའི་ནང་། ལུང་ཤར་སྤྱི་ལོ་ 1914 ཟླ་ 9 ནང་བོད་དུ་ཕྱིར་མ་ཕེབས་གོང་། ཧྥ་རན་སི་དང་འཇར་མན། སུད་སི། ཨི་ཊ་ལི། ཧོ་ལན་ཌི། སྦེལ་ལྗམ་བཅས་སུ་ཕེབས་ཚུལ་གསལ།” ཞེས་བྲིས་ཡོད། དེ་དུས་ཨ་རི་དང་ཨུ་རུ་སུ་གཉིས་སུའང་ཕེབས་རྩིས་གནང་། དེ་གཉིས་ནི་འབྲེལ་བ་གནང་དགོས་སའི་རྒྱལ་ཁབ་གལ་ཆེན་གཉིས་རེད། འོན་ཀྱང་། ཕེབས་མ་ཐུབ། རྒྱུ་རྐྱེན་ནི་ཚོད་དཔག་ཐུབ་པ་དེ་རེད།

བུ་ཕྲུག་བཞིའི་ནང་གི་གཅིག་དང་ལུང་ཤར་གྱི་ལྷ་ལྕམ་གཉིས་བར་དུ་འབྲེལ་བ་གཞན་ཞིག་བྱུང་ཚུལ་སོགས་འབྲི་རྒྱུ་མང་ཡང་རེ་ཞིག་འབྲིར་མི་འདོད། མདོར་ན། ལུང་ཤར་དང་ལྷ་ལྕམ་གཉིས་སྤྱི་ལོ་ 1914 ཟླ་ 11 པའི་བར་དུ་དབྱིན་ལན་དུ་བཞུགས་ཏེ་དེ་ནས་ཕྱིར་རྒྱ་གར་དུ་ཕེབས། ཤིང་རྟ་ཟླ་ ༡༠ ཚེས་ ༡༥ ནི་སྤྱི་ལོ་ 1914 ཟླ་ 12 ཚེས་ 6 ཉིན་རྡོ་རྗེ་གླིང་དུ་ལྷ་ཀླུ་ཚེ་དབང་རྡོ་རྗེ་འཁྲུངས། སྤྱི་ལོ་ 1915 ལོའི་ལོ་མགོར་བོད་དུ་ཕེབས་འཕྲལ་རྩིས་དཔོན་གྱི་གོ་གནས་སྩལ། དབྱིན་ཇིས་བཤད་པ་ལྟར་ལུང་ཤར་གྱིས་གང་བསྒྲུབས་པ་རྣམས་མ་འགྲིག་པ་ཡིན་ན་རྩིས་དཔོན་གྱི་གོ་གནས་མི་གནང་།

ree

(བོད་ཀྱི་བུ་ཕྲུག་བཞི་དེ་རྒྱབ་ནས་ནང་དུ་བརྩིས་པའི་གྲལ་རིམ་གཉིས་པའི་ནང་ལངས་ཏེ་བསྡད་ཡོད་པ་དེ་དག་རེད།)

བོད་དུ་ཕྱིར་འབྱོར་ནས་ཡུན་རིང་མ་སོང་བར་ལུང་ཤར་ལགས་གཞུང་བླའི་རྩོད་རྙོག་གི་ལས་དོན་མི་སྣར་གྱུར་པར་མ་ཟད། བོད་གཞུང་ཞི་དྲག་བར་གྱི་རྩོད་རྙོག་གི་ཟིང་ཆའི་ནང་དུ་ཡང་རང་བཞིན་གྱིས་ཚུད་པར་གྱུར། གཞུང་བླའི་ཕྱོགས་གཅིག་གིས། “ལོག་སྨོན་ཅན་བྱུར་གྱི་སྣ་འདྲེན་གཞུང་ཕྱོགས་རྩིས་དཔོན་ལུང་ཤར་བ་རྡོ་རྗེ་ཚེ་རྒྱལ་”ཞེས་དང་། “བདུད་བློན་ཏྲི་ཤུའི་སྐྱེ་བར་གྲགས་པ་བཙན་དབང་ངན་ཤུགས་སྐད་གྲགས་ཆེ་བའི་རྩིས་དཔོན་ལུང་ཤར་ཁོ་པ་”ཞེས་སོགས་སྡིགས་དམོད་བྱས་པའི་ལོ་རྒྱུས་དེ་བྱུང་། བདུད་བློན་ཏྲི་ཤུ་ཞེས་པའི་ལོ་རྒྱུས་ཤེས་འདོད་ན་གཅུང་དོན་ཡོད་དོན་གྲུབ་གཉིས་ཀྱི་རྣམ་ཐར་ལ་གཟིགས། དེ་ལྟར་“ཕྱི་ལོ་ ༡༩༢༥ ནས་ ༡༩༣༡ བར་ལུང་ཤར་གྱི་དབང་ཤུགས་རྩེ་མོར་སོན།”

ལུང་ཤར་དབྱིན་ལན་ནས་བོད་དུ་འབྱོར་བའི་སྐབས་དེར་བོད་ཀྱི་ནང་སྲིད་ལ་འགྱུར་ལྡོག་ཆེ་ཞིང་། ཞི་དྲག་གཉིས་ཀའི་གནས་བབ་ཧ་ཅང་ཛ་དྲག་ཆེ་ལ། གཞུང་བླའི་བར་གྱི་འབྲེལ་བ་ཡང་སྡུག་ནས་སྡུག་ཏུ་འགྱུར་བཞིན་ཡོད། སྐབས་དེར་མཐོ་རིམ་དབང་ཤུགས་ཅན་གྱི་ཁྲོད་དུ་རྒྱལ་བའི་དགོངས་པ་དང་མཐུན་པར་རྒྱག་གཅིག་མཆོངས་གཅིག་ཞུ་མཁན་དེ་ཙམ་མེད་ཚོད་དུ་སྣང་། སྐབས་དེ་ཤེད་ཀྱི་ལོ་རྒྱུས་ལ་དབྱེ་ཞིབ་བྱས་ན། མགྲོན་གཉེར་ཆེན་མོ་བསྟན་པ་དར་རྒྱས་ལགས་ཏེ་ཡོངས་གྲགས་སུ་ཨ་ར་དཀར་པོ་ཞུ་བ་ཁོང་དང་ལུང་ཤར་གཉིས་ཀྱིས་དབྱིན་ཇིའི་ཤུགས་རྐྱེན་ངན་པ་མཐར་སྐྲོད་གཏོང་བ་ལ་ནུས་པ་ཆེན་པོ་འདོན་བཞིན་པ་གསལ་པོ་རེད། སྐབས་དེ་དུས། བོད་དུ་དབྱིན་ཇིའི་ཤུགས་རྐྱེན་ཡོད་པ་མ་གཏོགས་རྒྱ་ནག་གི་ཤུགས་རྐྱེན་ནི་མཐར་སྐྲོད་བཏང་ཟིན་ཡོད།

ree

(མགྲོན་གཉེར་ཆེན་མོ་བསྟན་པ་དར་རྒྱས་སམ་ཡོངས་གྲགས་སུ་ཨ་ར་དཀར་པོ་ཞེས་པ་ཁོང་རེད།)

སྤྱི་ལོ་ 1927 ལོར་འབྲས་སྤྱི་བློན་ཆེན་བྷེ་ལེ་ཡིས་ལྡི་ལི་དབྱིན་གཞུང་གི་ཕྱི་འབྲེལ་དྲུང་ཆེ་ལ། “དབྱིན་ལན་དུ་བསྐྱོད་པ་དེས་ཁོང་གི་གོ་རྟོགས་ལ་རྒྱ་བསྐྱེད་གང་འཚམས་བྱུང་ཡོད་ལ། དེའི་རྐྱེན་གྱིས་གཞན་ལ་ཤུགས་རྐྱེན་གཏོང་བའི་ནུས་པ་ཡང་ཧ་ཅང་ཆེ་རུ་གྱུར་ཡོད། ངས་བསམས་ན། ཁོས་ཡུན་རིང་གཞན་ལ་ཤུགས་རྐྱེན་གཏོང་མི་ཐུབ། ད་ལྟ་ངས་གང་ཐུབ་ཀྱིས་ཁོང་གི་ནུས་པ་གཅོག་ཐབས་བྱེད་བཞིན་ཡོད།” ཅེས་བྲིས་ཡོད། འདི་ནི་ཧ་ཅང་འཇིགས་དགོས་པ་ཞིག་སྟེ། བོད་གཞུང་དགའ་ལྡན་ཕོ་བྲང་གི་དོན་དུ་ལུང་ཤར་ལགས་དེ་ལྟར་གཡང་ཁ་འགྲིམ་དགོས་བྱུང་བ་རེད།

ཡང་སྤྱི་ལོ་ 1929 ལོར་སྐུ་ཞབས་ཝེའིར་ལགས་ཀྱིས། “༸གོང་ས་ཏཱ་ལའི་བླ་མས་ལུང་ཤར་ལ་ཐུགས་བློ་ཆ་ཚང་བཀལ་ཡོད་པས། ཁོང་ད་ལྟའི་དུས་སྐབས་འདིར་བོད་ནང་གི་དབང་ཤུགས་ཆེ་ཤོས་ཡིན་པའི་གནས་ཚུལ་གོ་ཐོས་བྱུང་། སེམས་ཁྲལ་བྱེད་དགོས་ས་ནི་ཁོང་ཨུ་རུ་སུ་ལ་རྒྱབ་རྟེན་བཅོལ་མཁན་ཞིག་ཡིན་པའི་གནས་ཚུལ་དེ་རེད།” ཅེས་བྲིས། ཚིག་དུམ་ཐུང་ངུ་འདིའི་ནང་དུ་གནད་དོན་གསུམ་བྲིས་ཡོད་པ་འདི་སྐབས་འབྲེལ་ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་གི་གནད་དོན་ཆེན་པོ་གསུམ་རེད། དེ་དག་ནི་༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་ནས་སྔ་ཕྱི་བར་གསུམ་དུ་ལུང་ཤར་ལ་ཐུགས་བློ་ཆ་ཚང་བཀལ་གནང་བ་དང་། བར་སྐབས་དེར་ལུང་ཤར་དབང་ཤུགས་ཆེ་ཤོས་སུ་གྱུར་ཡོད་པ། རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་བཀའ་དགོངས་བཞིན་ཨུ་རུ་སུ་ལ་འབྲེལ་བ་གནང་བར་དབྱིན་ཇིས་སྡང་ཟུག་བྱས་པ་བཅས་རེད།

བཀའ་དྲིན་ཟླ་མེད་༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་ཆུ་བྱ་ཟླ་བ་ ༡༠ ཚེས་ ༣༠ སྤྱི་ལོ་ 1933 ཟླ་བ་ 12 ཚེས་ 17 ཉིན་མྱ་ངན་ལས་འདས་པའི་དུས་དེ་ནི། སྤྱན་གསལ་ལུང་ཤར་དང་སྤྱན་གསལ་ཀུན་འཕེལ་ལགས་སོགས་མི་ཆེན་ནུས་པ་ཅན་དུ་མས་རང་གི་རྒྱབ་རྩ་དང་སྲུང་སྐྱོབ་བོར་ཏེ། སྲིད་དོན་འཐབ་རྩོད་ཀྱི་དོ་ར་ནས་ཕམ་ཁ་མྱོང་བའི་དུས་སྐབས་དངོས་སུ་འཆར་བའི་ཉིན་མོ་ཡ་ང་བ་དེ་རེད། གལ་ཏེ་ལུང་ཤར་བཙོན་དུ་བཅུག་སྟེ་མིག་གཉིས་དམར་འདོན་བྱས་མེད་ན། རྒྱལ་དབང་བཅུ་བཞི་པ་ཆེན་པོ་མཆོག་མདོ་སྨད་ནས་ལྷ་ལྡན་དུ་མ་ཕེབས་གོང་བོད་ཀྱི་སྲིད་ལུགས་རྙིང་པར་བཅོས་བསྒྱུར་ཆེན་པོ་ཞིག་གནང་ཡོད་ལ། དེ་ལྟར་བྱུང་ཚེ། ད་ལྟའི་གནས་བབ་འདི་འབྱུང་དགོས་དོན་མེད་ཅིང་། རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་ཐུགས་རེ་དང་དམིགས་གཏོད་ས་ངོ་མ་ཡང་དེ་རེད།

​ སྤྱི་ལོ་ 1934 ཟླ་ 5 ཚེས་ 9 ཉིན་ལུང་ཤར་འཛིན་བཟུང་གི་དོན་རྐྱེན་མངོན་གསལ་ཅན་དེ་བྱུང་ཞིང་། དེ་ནས་ཡུན་རིང་མ་སོང་བར་དངོས་སུ་འཛིན་བཟུང་བྱས། དེ་ལ་ཏཱ་བླ་མ་ཐུབ་བསྟན་ནོར་བཟང་གིས། ཚོགས་འདུའི་སྟེང་མི་སྣ་གཙོ་བོ་ཕལ་མོ་ཆེས་རྒྱལ་དབང་བཅུ་གསུམ་པ་དང་པཎ་ཆེན་དགུ་པའི་བར་དུ་འགལ་རྐྱེན་བཟོ་མཁན་གཙོ་བོ་ལུང་ཤར་ཡིན་ཞེས་སྲོག་ཆད་གཅོད་དགོས་ཚུལ་མང་དུ་བཤད་ཅིང་། གདན་ས་གསུམ་གྱི་མཁན་པོ་ལས་ཟུར་རྣམས་ནས་སྲོག་ཆད་བཅད་ན་རྒྱལ་བའི་ཡང་སྲིད་ད་དུང་ཕེབས་མེད་པས་མ་འོངས་པར་ཡང་སྲིད་རིན་པོ་ཆེ་ཕེབས་སྐབས་ཆོས་ཟབ་སར་བདུད་ཟབ་ཅེས་པའི་དཔེ་ལྟར། “ལོག་སྨོན་མཐུ་ཅན་གྱི་ཞབས་ཞུ་བར་སྐྱེ་བ་བླངས་ན་གང་མིན་བྱེད་ཀྱི་རེད་ཅེས་གསུངས་ཏེ་སྲོག་ཐོག་ཉེས་པ་རྩ་ཡང་བྱུང་སོང་ཡང་། མིག་འབྲས་བཏོན་ཏེ་ཚེ་བཙོན་དུ་འཇུག་རྒྱུའི་གྲོས་འཆམ་གྱིས་འཆར་འབུལ་གནང་སོང་།” ཞེས་གསུངས། འདི་ལྷ་སྲས་རྒྱལ་ལོ་དོན་གྲུབ་ལགས་ཀྱིས་<<ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ>>འི་ནང་གསལ་བར་བྲིས་ཡོད་པ་དེ་རེད།

ree

(རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང་བོད་དུ་བསྐྱོད་པའི་འཇར་མན་པ་གཉིས།)

བསྡུས་ཏེ་བཤད་ན། ལུང་ཤར་བཙོན་དུ་བཅུག་ནས་མིག་རིལ་གཉིས་འདོན་ཚུལ་ནི་ཆེས་ཡ་ང་བ་ཞིག་སྟེ། འཇར་མན་གྱི་ཆེད་བསྐྱོད་དཔུང་སྡེ་བོད་དུ་སོང་བའི་ལོ་རྒྱུས་དཔེ་དེབ་<<HIMMLER’S CRUSADE: The Nazi Expedition to Find The Origins of The Aryan Race>> ཞེས་པའི་ནང་། “བོད་ཀྱི་ལུགས་སྲོལ་ལྟར་ན་དབང་པོ་གཅོད་འབྲེག་གི་ལས་ཀ་བྱེད་མཁན་ནི་རིགས་དམན་དུ་བརྩིས་པའི་རགས་རྒྱབ་པ་ཚོ་རེད་འདུག་ལ། ཟླ་ 5 ཚེས་ 20 ཉིན་ཁོ་ཚོ་ལུང་ཤར་སྡོད་སའི་བཙོན་ཁང་དུ་འཛུལ་ཏེ་པུས་མོ་གཉིས་སར་བཙུགས་ནས་སྒུར་དུ་བཅུག་ཅིང་། གཡག་གི་ཚིགས་རུས་ཀྱི་ཨ་ཅུག་གཉིས་མིག་འགྲམ་གྱི་མུར་གོང་གཡས་གཡོན་གཉིས་སུ་སྦྱར་ཏེ་འབྲེང་ཐག་གིས་བསྡམས། མིག་འབྲས་ཕྱིར་མ་ཐོན་བར་དུ་འབྲེང་ཐག་དེ་རིམ་པས་ཇེ་དམ་དུ་བཏང་། མིག་རིལ་གཅིག་ཕྱིར་མ་ཐོན་པ་ལ་གྲི་བཙུགས་ཏེ་བཀོག །དེ་ལྟར་མིག་རིལ་གཉིས་བཏོན་རྗེས་མིག་གོང་ནས་ཐོན་པའི་ཁྲག་གཅོད་ཆེད་མིག་གོང་གཉིས་སུ་འཁོལ་བཞིན་པའི་སྣུམ་ཚ་པོ་བླུགས་ཏེ་ཁྲག་བཅད། བཟི་སྨན་སྤྲད་ཡོད་ཀྱང་ན་ཟུག་ནི་བཟོད་དཀའ་བ་ཞིག་རེད་ཅེས་ལུང་ཤར་ཁོང་ཉིད་ཀྱིས་གསུངས།” ཞེས་སོགས་བྲིས་འདུག་ལ། འདི་ནི་ལྷ་ཀླུ་ཚེ་དབང་རྡོ་རྗེ་དང་<<ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ།>> གཉིས་ཀྱིས་བྲིས་པ་དང་གཅིག་མཚུངས་རེད། རགས་རྒྱབ་པ་ཟེར་བ་ནི་དུར་ཁྲོད་དུ་རོ་ལས་བྱེད་མཁན་རྣམས་ཏེ། དེ་དག་སྔར་ལྷ་སའི་ནང་རང་རང་ལ་སྡོད་ཁང་སོགས་མེད་པར་ཆུ་རགས་ཀྱི་རྒྱབ་ཏུ་བསྡད་དེ་འཚོ་བ་བསྐྱལ་བས་རགས་རྒྱབ་པ་ཞེས་ཟེར་བ་རེད།

ree

(བོད་འབྱོར་འཇར་མན་པ་རྣམས་དང་བོད་མི་དུ་མ།)

རྩིས་དཔོན་ལུང་ཤར་བཙོན་དུ་བཞུགས་སྐབས་བཙོན་རོགས་ཀྱི་རམ་འདེགས་འོག་སྔར་ཁོང་གི་བཀའ་ཆོས་ཞུ་སའི་རྫ་རོང་ཕུའི་བླ་མ་ཞེས་པར་ཕྱག་བྲིས་སྙན་པོ་ཞིག་ཕུལ་འདུག་སྟེ། དེ་ནི།

“སྐྱིད་ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ཚེ།།

བར་ཆད་སྤྲིན་ནག་དྲག་པོའི་ཀློང་དུ་ཚུད།།

དེ་དུས་གཤེད་མ་བརྒྱ་ཕྲག་མཐའ་ནས་བསྐོར།།

རྩུབ་མོའི་ཚིག་བཅས་མིག་གཉིས་ས་ལ་དབྱུངས།།

ཆུ་ཝུར་མིག་གཉིས་ས་ལ་དབྱུངས་ན་ཡང་།།

ཡེ་ཤེས་སྤྱན་རས་འདི་ལ་དབྱུངས་ཐབས་ཅི།།

མིག་ལོང་རྟག་ཏུ་མུན་པའི་རང་བཞིན་ལ།།

བཙོན་ཁང་མུན་ནང་འཇུག་པ་ཨེ་མ་མཚར།།

བསགས་པའི་རྒྱུ་ནོར་གཞན་གྱིས་འཕྲོག་ན་ཡང་།།

འཕགས་པའི་ནོར་བདུན་འདི་ལ་འཕྲོག་ཐབས་ཅི།།

གཞན་གྱིས་བཙོན་ཁང་མུན་པ་གཏིང་རིང་ཟེར།།

རང་སྣང་འོད་གསལ་ཀློངས་ཡང་ཕུག་པ་ནས།།

སྙོམས་ལས་འདུ་གསུམ་བཀའ་འབངས་ལུང་ཤར་བ།།

རྡོ་རྗེ་ཚེ་རྒྱལ་ཞེས་པས་ཕྱག་བཅས་ཕུལ།། ཞེས་པ་འདི་རེད།

ree

(མདུན་གྱི་དེ་ནི་འབྲས་ལྗོངས་པ་ལེགས་ལྡན་ལགས་ཏེ་ལྷ་སར་བཞུགས་པའི་སྐབས་སོ།།)

གསལ་བཤད། སྤྱིར་ཞིབ་འཇུག་གི་རྩོམ་ཡིག་ལ་གནས་ཚུལ་གྱི་ཁུངས་གསལ་བར་འགོད་དགོས་པ་སྨོས་མེད་ཡིན་ཡང་། འདིར་ནི་ཁོ་བོས་འགྲོ་ལུགས་དེ་ཉིད་ལག་བསྟར་བྱས་མེད། ཡིག་ཁུངས་བཀོད་ན། གཅིག་ནས་ཡིག་ཚོགས་ཆེ་བར་འགྱུར་བ་དང་། གཉིས་ནས་ལུང་དང་ཡིག་ཁུངས་རྣམས་མ་ཚང་བ་མེད་པར་<<ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ།>> ཅེས་པའི་དཔེ་དེབ་བྲིས་ཟིན་པ་སྟོད་སྨད་གཉིས་དང་ད་ལྟ་འབྲི་བཞིན་པ་བཅས་སུ་གསལ་བར་བྲིས་ཡོད་པས་དེ་ཡིས་འཐུས་པར་བྱེད་འདོད་པ་ཡིན་ནོ།།

སྤྱི་ལོ་ 2020 ཟླ་ 10 ཚེས་ 19 ཉིན།

ཤེས་རབ་དར་རྒྱས་ཀྱིས།

 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

コメント


Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page