འཇིག་རྟེན་བྱམས་བརྩེས་སྐྱོང་བའི་མགོན་པོ།
- ཤེས་རབ་དར་རྒྱས། Sherab Dharge
- Oct 17, 2020
- 2 min read

རིག་འཛིན་ཉི་མ་གྲགས་པའི་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་ལུང་བྱང་ལས།
“ཆོས་ཀྱི་རྒྱལ་པོའི་སྨོན་ལམ་མཐུ་བཙན་པས།།
བྱང་ཆུབ་སེམས་དཔའ་སྙིང་སྟོབས་ལྡན་པའི་བུ།།
འགྲོ་བའི་སྐྱབས་མགོན་བསྟན་པའི་རྩ་ལག་གཅིག །
དབུས་ནས་འབྱུང་ཞིང་མདོ་སྔགས་བསྟན་པ་འཛིན།།
རྒྱ་མཚོའི་མིང་ཅན་འཕྲིན་ལས་ཕྱོགས་བཅུར་ཁྱབ།།” ཅེས་གསུངས་པ་དང་། ཡང་སྤྱི་ལོ་ 1942 ལོར་ཡོངས་འཛིན་སྟག་བྲག་རྡོ་རྗེ་འཆང་ཆེན་པོའི་དྲུང་ནས་སྐུ་ཚེ་འདི་ལ་ལྟོས་པའི་བཀའ་དབང་ཐོག་མ་སྟེ་འཇིགས་བྱེད་དཔའ་བོ་གཅིག་པའི་བཀའ་དབང་གསན་སྐབས། མི་རིང་བར་ཐུགས་ལ་འཇིགས་པའི་སྣང་བ་ཕྲ་མོ་ཙམ་ཡང་མེད་པར་མཛད་འཕྲིན་མཐའ་མེད་དུ་སྐྱོང་བར་འགྱུར་བའི་རྣམ་ཐར་དང་མཚན་མ་ཁྱད་པར་བ་ཞིག་བྱུང་ཡོད། དེ་ལ་མགོན་པོ་མཆོག་ནས།
“དེ་དུས་ངོས་རང་ལོ་ན་ཧ་ཅང་ཆུང་བས་དབང་ཞུས་པའི་སྐབས་སུ་དེ་ལ་རྩེད་མོའི་འདུ་ཤེས་བཞག་པ་འདྲ། དེའི་སྟབས་ཀྱིས་དཀྱིལ་འཁོར་གྱི་ནང་དུ་འཛུལ་བ་སོགས་བྱས་པའི་ལོ་རྒྱུས་ཤིག་བྱུང་ཡོད། སྐབས་དེར་འཇིགས་བྱེད་ཀྱི་དབང་ཞུས་པའི་གསང་མཚན་དེ་སྣང་མཛད་རྡོ་རྗེ་ཡིན་པ་ད་ལྟ་ཡང་དྲན། དེ་ལ་བསམ་བློ་ཞིག་བཏང་ན། གསང་མཚན་དུ་རྣམ་པར་སྣང་མཛད་ཅེས་ཟེར་བས། གཞན་དོན་ཅུང་ཙམ་ཞིག་ཡོང་ཐུབ་པ་མིན་ནམ་སྙམ་པ་ཞིག་སེམས་སུ་དྲན་སོང་། འདི་ནི་ངོས་ཀྱིས་ཁྱེད་རང་ཚོར་ནང་ཚགས་བྱས་ནས་བཤད་པ་ཡིན།” ཞེས་སྐབས་དེའི་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པ་དང་མཚན་མ་ཁྱད་པར་ཅན་བྱུང་བའི་ཚུལ་ཟུར་ཙམ་གསུངས་པ་ལྟར་དང་། སྤྱི་ལོ་ 1956 ཟླ་བ་ 2 པའི་ཟླ་དཀྱིལ་ཏེ་བོད་མེ་སྤྲེལ་ལོའི་ལོ་སར་སྐབས། ནག་ཕྱོགས་བདུད་ཀྱི་འཇིགས་པས་བོད་གངས་ཅན་གྱི་ལྗོངས་ཆེན་པོ་ཡ་ང་བའི་གནས་སུ་བསྒྱུར་ཏེ་ཕལ་ཆེར་ཅི་བྱ་གཏོལ་བྲལ་དུ་འགྱུར་བཞིན་པའི་སྐབས་སུ། སྔར་སྲོལ་ལྟར་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་སྤྱན་འདྲེན་གྱིས་བོད་བསྟན་སྲིད་ཀྱི་ཐད་བཀའ་འདྲི་གནང་བར། ཆོས་སྐྱོང་ཆེན་པོ་ནས།

“ཆུ་ཤེལ་ནོར་བུའི་འོད་སྣང་དེ།།
ནུབ་ནས་འཆར་བའི་དུས་འོང་ངོ་།།” ཞེས་གོ་རྒྱུ་ཟབ་པའི་ལུང་བསྟན་ཞིག་གློ་བུར་དུ་ཕུལ་བར། མགོན་པོ་མཆོག་ནས་འཕགས་ཡུལ་དུ་སྟོན་པ་མྱང་འདས་ཀྱི་དུས་ཆེན་ལ་ཆིབས་སྒྱུར་བསྐྱང་ངེས་ཀྱི་ལུང་བསྟན་ཡིན་པར་དགོངས་ཀྱང་། ཕྱིས་སུ་<<བཙན་བྱོལ་གྱི་རང་དབང་།>>ལས། “དེ་ནི་ལོ་དེར་ངོས་རང་རྒྱ་གར་དུ་འགྲོ་བའི་བརྡ་བསྟན་པ་ཙམ་མིན་ནམ་སྙམ་ཡང་། ད་ལྟ་བསམས་ན་ལུང་བསྟན་དེར་གོ་རྒྱུ་ཟབ་མོ་ཞིག་ཡོད་པར་མཐོང།” ཞེས་བཀའ་སྩལ་ལྟར་དང་། སྤྱི་ལོ་ 1956 ཟླ་བ་ 11 ཚེས་ 29 ཉིན་སྟོན་པ་མྱང་འདས་ཀྱི་རྗེས་དྲན་ཚོགས་ཆེན་སྟེང་། མགོན་པོ་མཆོག་ནས།
“སྟོན་པ་བདེ་བར་གཤེགས་པའི་ལུང་ལས། ང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་སོང་བ་ན། གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ།། ཞེས་གསུངས་ཡོད་པར་བོད་ཀྱི་མཁས་པ་ཁ་ཅིག་གིས་དེ་ནི་སྤྲེའུ་གདོང་དམར་གྱི་རིགས་ཅན་བོད་ལ་དམ་པའི་ཆོས་དར་བར་བཞེད་ཀྱང། རྒྱ་གར་གྱི་མཁས་པ་ཆེན་པོ་ཤཱཀྱ་ཤྲིས་ནུབ་ཕྱོགས་ཀྱི་ཡུལ་དུ་སངས་རྒྱས་ཀྱི་ཆོས་དར་བ་ལ་དགོངས་པ་ལྟར། དེང་དུས་ནུབ་ཕྱོགས་ཡོ་རོབ་ཀྱི་ཡུལ་གྲུ་རྣམས་སུ་ནང་པའི་ཆོས་ལ་དོ་སྣང་ཆེན་པོ་བྱེད་པའི་རྟགས་མཚན་དེ་ནི་ལུང་བསྟན་པའི་དུས་ངེས་པ་ཅན་དང་ཤིན་ཏུ་མཐུན་པར་འདུག་སྙམ།” ཞེས་དང། སྐུའི་བླ་སྨན་བློ་བཟང་དབང་རྒྱལ་གྱིས།
“དེ་ཡང་སྟོན་པས། ང་ནི་མྱ་ངན་འདས་ནས་ལོ།།
ཉི་སྟོང་ལྔ་བརྒྱ་འདས་པའི་འོག །
གདོང་དམར་ཅན་གྱི་ཡུལ་དུ་ནི།།
དམ་པའི་ཆོས་ནི་དར་བར་འགྱུར།། ཞེས་དང།
བྱང་གི་ཕྱོགས་ཀྱི་བརྒྱུད་པ་རུ།།
དགེ་བ་ཅན་གྱི་ས་ཕྱོགས་དེར།།
ང་དང་འདྲ་བའི་སྐྱེས་བུ་འབྱུང།།
བསྟན་བཅོས་ཞེས་པ་དེ་ཡིས་སྤེལ།། ཞེས་བྱང་གི་ཕྱོགས་ནི་རྒྱ་གར་རྡོ་རྗེ་གདན་ནས་བརྩིས་ན་བོད་བྱང་གི་ཕྱོགས་སུ་འཁེལ་བ་དང་། དགེ་བ་ཅན་གྱི་ས་ཞེས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དང་། ང་དང་འདྲ་བའི་སྐྱེས་བུ་འབྱུང་ཞེས་པ་སངས་རྒྱས་རང་ཉིད་ཀྱི་ལུང་གིས་ཟིན་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་ཡིན་ཞིང་། དེ་ལྟར་ཡིན་པ་ཡང་གོང་དུ་བརྗོད་ཟིན་པ་ལྟར་རྒྱ་གར་དུ་ཚོགས་པའི་སྟོན་པ་མྱ་ངན་ལས་འདས་པའི་དུས་དྲན་གྱི་མཛད་སྒོའི་ཐོག་༸རྒྱལ་དབང་རིན་པོ་ཆེས་སྩལ་བའི་བཀའ་སློབ་ཀྱི་གནས་ཚུལ་དེང་སྐབས་དངོས་སུ་ར་འཕྲོད་བྱུང་བ་ཚང་མས་མཁྱེན་གསལ་རེད།” ཅེས་གསུངས་པ་ལྟར་འཛམ་གླིང་ཕྱོགས་མེད་དུ་མཛད་འཕྲིན་སྐྱོང་བའི་ལུང་བསྟན་སོགས་མང་དུ་བྱུང།
དེ་ལ་འདི་ལྟར་བརྗོད་རིགས་ཏེ། དེ་ཡང་སྟོན་པ་བདེ་བར་གཤེགས་པས་སྐུ་མྱ་ངན་ལས་འདས་པའི་ཚུལ་མཛད་ནས་མི་ལོ་ཉིས་སྟོང་ལྔ་བརྒྱ་འདས་པའི་དུས་ཉིད་ན། ནུབ་ཕྱོགས་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་ཟབ་མོ་ཆེས་ཆེར་དར་བ་ལ་མངོན་དུ་ཕྱོགས་པའི་ཚེ། རྒྱ་གར་ནས་བརྩིས་པའི་བྱང་གི་ཕྱོགས་ཏེ་དགེ་ལྡན་བསྟན་པའི་སྲོལ་འབྱེད་ཆེན་པོ་རྗེ་བླ་མ་བློ་བཟང་གྲགས་པའི་དཔལ་དེ་ཉིད་གང་དུ་སྐུ་བལྟམས་པའི་གནས་ཙོང་ཁ་སྐུ་འབུམ་དུ་གྲགས་པའི་སའི་ཆ་དང་ཁད་ཤིན་ཏུ་ཉེ་བའི་ཕྱོགས་སྟག་མཚེར་ཞེས་བྱ་བ་དེར། རྒྱལ་བུ་གཞོན་ནུ་དོན་ཀུན་གྲུབ་པ་ཉིད་དང་ཚུལ་ཀུན་ནས་མཚུངས་པའི་སྐྱེས་མཆོག་ལྷ་མོ་དོན་ཀུན་གྲུབ་པ་ཞེས་བྱ་བ་ཉིད་མངོན་པར་འཁྲུངས་ཏེ་ལྷ་ལྡན་ཆོས་ཀྱི་ཞིང་དུ་ཆིབས་ཞལ་བསྒྱུར། སྟོན་པ་བདེ་བར་གཤེགས་པ་ཉིད་ནས། “རྒྱལ་བའི་བསྟན་པ་བྱང་ནས་བྱང་དང་། དེ་ནས་སླར་ཡང་དབུས་སུ་དར་བར་ལུང་བསྟན་པ་ལྟར།” རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སླར་ཡང་ཉིན་མོ་ལྟར་གསལ་བར་མཛད་པ་སོགས་ཀྱི་རྟེན་འབྲེལ་ཟབ་མོ་མངོན་དུ་གྱུར་པ་ན། སྤྱི་ལོ་ 1959 ལོར་འཕགས་པའི་ཡུལ་དུ་ཆིབས་ཀྱི་ཁ་ལོ་བསྒྱུར། ནུབ་ཕྱོགས་གདོང་དམར་ཅན་གྱི་ཡུལ་ཁམས་སུ་ཚང་ལ་མ་ནོར་བའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་གསར་དུ་དར་བའི་རྒྱུ་ཚོགས་ཡོངས་སུ་ཚང་བ་ན། སྤྱི་ལོ་ 1973 ལོར་ཡོ་རོབ་ཏུ་ཐོག་མར་ཞབས་སོར་བཀོད་ཅིང་ཆོས་ཀྱི་བགོ་སྐལ་དང་པོ་སྩལ་ཏེ། ཉོན་མོངས་པའི་དགྲ་རྣམས་མ་ལུས་པར་འཆོས་ཤིང་ངན་འགྲོའི་སྲིད་པ་མཐའ་དག་ལས་སྐྱོབ་པར་བྱེད་པའི་བསྟན་བཅོས་ཏེ་རྒྱལ་བའི་གསུང་རབ་རིན་པོ་ཆེ་རྒྱ་ཆེར་སྤེལ་བའི་དབུ་ཚུགས། བཞུགས་སྒར་སོགས་སུའང་ནུབ་ཕྱོགས་པ་དང་རྒྱ་གར་བ་དུ་མར་ཆོས་ཁྲིད་དངོས་སུ་གནང་། བོད་ཀྱི་དཔེ་མཛོད་ཁང་དུ་ནང་ཆོས་ཀྱི་འཛིན་གྲྭ་བཙུགས།ཆོས་སྲིད་ཁོར་ཡུག་དང་སྤྱི་ཚོགས་བདེ་དོན་སོགས་ལས་བརྩམས་པའི་བླང་དོར་ལམ་སྟོན་གྱི་བཀའ་སློབ་འཛམ་གླིང་ཀུན་ལ་སྩལ། མཐོ་སྲིད་འཛིན་ཕོ་བྲང་ནས་དམའ་ཉམ་ཐག་གི་སྡོད་གནས་ཚུན་ཆད་དུ་ཆིབས་སྒྱུར་བསྐྱངས། གང་མཛད་ཐམས་ཅད་གཞན་དོན་དུ་བསྔོ་བར་མཛད་དེ། “ངོས་ཀྱིས། རང་གི་དབུགས་ཀྱི་རྒྱུ་བ་ཕྲ་མོ་ཚུན་ཆད་ནས་གཞན་དོན་དུ་བསྔོས་ཟིན།” ཞེས་དང་། “ཆེས་མཐའ་མའི་དབུགས་ཀྱི་རྒྱུ་བ་མ་འགག་གི་བར་དུ། འཛམ་གླིང་གི་སྐྱེ་འགྲོ་ཀུན་གྱི་དོན་བྱེད་པར་ཐག་བཅད་ཟིན།” ཞེས་བཀའ་སྩལ། དེར་བརྟེན། ཕྱི་རྒྱལ་གྱི་མི་སྣ་གནད་ཅན་དུ་མས་མགྲིན་གཅིག་ཏུ། “༸གོང་ས་ཏཱ་ལའི་བླ་མ་འདི་པ་ལྟ་བུའི་དབུ་ཁྲིད་ཅིག་སྔར་ཡང་འཛམ་གླིང་དུ་མ་བྱུང་ལ། ཕྱིས་ཀྱང་མི་འབྱུང་”ཞེས་ཚིག་ཐག་ཆོད་པོས་གསུངས།

ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་ཕྱི་འབྲེལ་ཚོགས་གཙོ་འདས་པོ་ Tom Lantos ནས།
“སྔར་ཡོངས་སུ་མ་གྲགས་པའི་གྲྭ་རྐྱང་དཀྱུས་མ་འདིས་ད་ཆ་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་ཡིད་དབང་ཅིག་ཅར་དུ་ཕྲོགས་པ་ནི། དཔལ་འབྱོར་གྱི་ནུས་པ་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་སོགས་ཀྱིས་མ་ཡིན་པར་བཟང་སྤྱོད་ཀྱི་ཟིལ་ཤུགས་ཁོ་ན་ལས་བྱུང་བ་ཡིན། འཛམ་གླིང་ལོ་རྒྱུས་ནང་།མིའི་བཟང་སྤྱོད་ཀྱིས་ཆེས་ཆེར་ཕོངས་པའི་དུས་སྐབས་འདིར། ནང་པའི་དགེ་འདུན་པ་དཀྱུས་མའི་ཚུལ་བཟུང་བའི་སྐྱེས་བུ་འདི་ཟད་དུ་མེད་པའི་འགྲོ་བ་མིའི་བཟང་སྤྱོད་ཀྱི་འབྱུང་ཁུངས་ཉིད་དུ་གྱུར་ཡོད། དེ་ནི་འཛམ་གླིང་སྐྱེ་འགྲོ་མ་ལུས་པས་གུས་བརྩི་དང་ཆེ་མཐོང་། དགའ་མོས་བཅས་བྱེད་པའི་རྒྱུ་རྐྱེན་ངོ་མ་དེ་རེད།” ཅེས་དང་། ཨ་རིའི་གྲོས་ཚོགས་ཀྱི་ལྕམ་ Ileana Ros-Lehtinen གྱིས།
“སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས། བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང། །བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེར་ལ་གླིང་དང་ནི། །མར་མེ་འདོད་ལ་མར་མེ་དང་། །གནས་མལ་འདོད་ལ་གནས་མལ་དང་། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་འགྱུར་བར་ཤོག །ཅེས་ཐུགས་བསྐྱེད་ཅིང་སྨོན་པ་ལྟར། ཁོང་གི་མཁྱེན་རབ་དང་བྱམས་བརྩེ་གཉིས་ནི་བོད་ཙམ་མ་ཡིན་པར་མི་རིགས་ཀྱི་དབྱེ་མཚམས་ཐམས་ཅད་ལས་ཡོངས་སུ་བརྒལ་ཡོད།” ཅེས་རྒྱ་ཆེར་བསྔགས། མགོན་པོ་མཆོག་ནས་སྤྱི་ལོ་ 1964 ཟླ་བ་ 9 ཚེས་ 28 ཉིན།
“ཤེས་ཡོན་དང་འཇོན་ཐང་གང་ཡང་མེད་ཀྱང། བཅོམ་ལྡན་འདས་ཀྱི་རྗེས་སུ་ཞུགས། ལུང་པ་ཞིག་གི་མགོ་ཁྲིད་བྱས། ངོས་ལ་དགྲ་ཡང་མེད་ཅིང་གཉེན་ཡང་མེད། རང་ཤི་ན་འདི་ལྷག་སོང་བསམ་པའི་སེམས་ཁྲལ་ཡང་མེད། ནུས་ན་སེམས་ཅན་ཐམས་ཅད་ཕ་མར་བསྒོམ་རྒྱུ་ཡིན། མ་ནུས་ན་ནི་དེ་ག་རེད། དེ་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་བཅོམ་ལྡན་འདས་ཀྱི་རྗེས་འཇུག་གི་གཟི་བརྗིད་རེད།” ཅེས་བཀའ་སྩལ།

དེ་ལྟར་མི་རིགས་དང་ཤར་ནུབ་སོགས་ཀྱི་དབྱེ་མཚམས་ལས་ཡོངས་སུ་བརྒལ་ཏེ་ཆོས་སྲིད་ལྟ་གྲུབ་དང་ཤེས་རིག་བཟང་སྤྱོད། ཁོར་ཡུག་སྤྱི་ཚོགས། གཞན་ཕན་བདེ་དོན་སོགས་འཇིག་རྟེན་གྱི་ངོ་མཚར་བའི་གནས་དང་མཁོ་གལ་ཆེ་བའི་རིགས་ཐམས་ཅད་གང་ཟག་གཅིག་གིས་འཛམ་གླིང་ཁྱོན་ལ་སྒྲུབ་པར་མཛད་པའི་ཚུལ་ལ་བསམས་ན། སྲིད་པ་ཆགས་ནས་ད་ལ་ཐུག་གི་བར་དུ་མགོན་པོ་མཆོག་ལྟ་བུ་ཞིག་བྱུང་མེད་ཅེས་བཤད་ཀྱང་རྫུན་དུ་འགྱུར་བའི་གནས་མེད། མདོར་ན། ཁྱེའུ་ལྷ་མོ་དོན་གྲུབ་མཆོག་ནར་མ་སོན་གོང་། མདོ་ཁམས་སྨད་ཀྱི་གྲོང་ཆུང་སྟག་མཚེར་ནས་ནུབ་ལམ་རིང་མོ་ཤེད་ཀྱིས་གཤགས་ཏེ་པོ་ཏ་ལའི་ལུགས་གཉིས་ཀྱི་རྒྱལ་ཁྲི་མཐོན་པོར་འཛེགས། གངས་ཅན་བོད་ཀྱི་སྐྱབས་མགོན་ནས་འཇིག་རྟེན་ཀུན་གྱི་རེ་བའི་མིག་འབུར་གཏོད་སའི་མགོན་པོ་ཉིད་དུ་གྱུར་པ་ནི་སྐུ་ཚེ་ཧྲིལ་པོའི་རྣམ་ཐར་ཡིན།

ཕྱི་རྒྱལ་ཁག་ཏུ་ཆིབས་སྒྱུར་བསྐྱངས་པའི་རིམ་པ་ཆེས་བསྡུས་ཏེ་བྲིས་ན། དེ་ཡང་མགོན་པོ་མཆོག་དེ་སྔོན་བོད་ནས་རྒྱ་ནག་ལ་ཐེངས་གཅིག་དང་རྒྱ་གར་དུ་ལན་གཅིག་ཆིབས་སྒྱུར་བསྐྱངས་ཤིང་། བཙན་བྱོལ་དུ་ཕེབས་ནས་ཕྱིའི་ཡུལ་གྲུར་ཕེབས་པའི་ཐོག་མ་ནི། སྤྱི་ལོ་ 1967 ཟླ་བ་9 ནང་ཉི་ཧོང་དང་ཟླ་བ་ 11 ནང་ཐའི་ལན་དུ་ཆིབས་སྒྱུར་བསྐྱངས་པ་དེ་ཡིན།

སྤྱི་ལོ་ 1972 ཟླ་བ་ 6 ནང་སླར་ཡང་ཐའི་ལན་དུ་ལན་གཅིག་དང་།
1973 ལོར་ཡོ་རོབ་ཀྱི་རྒྱལ་ཁབ་ ༡༡ ནང་ལན་ ༡༢ ཙམ་ཕེབས་ཏེ་མཛད་འཕྲིན་རྒྱ་ཆེར་བསྐྱངས། སྐབས་དེར་ཨི་ཊ་ལིར་ཕེབས་པ་ནི་ཡོ་རོབ་གླིང་གི་ཆིབས་སྒྱུར་ཐོག་མ་དེ་ཡིན།
སྤྱི་ལོ་ 1974 ཟླ་བ་ 9 ནང་སུད་སིར་ཕེབས་ཏེ་གཟའ་འཁོར་གསུམ་ལྷག་གི་རིང་མཛད་འཕྲིན་བསྐྱངས། སྤྱི་ལོ་ 1974 ཟླ་བ་ 9 ནང་སུད་སིར་ལན་ ༡ དང་།
སྤྱི་ལོ་ 1978 ཟླ་བ་ 10 ནང་ཉི་ཧོང་དུ་ལན་ ༡ །
1979 ལོར་ཨུ་རུ་སུ་དང་སོག་ཡུལ། ཨ་རི་སོགས་རྒྱལ་ཁབ་ ༥ ལ་ལན་ ༧ ཙམ་ཕེབས་ཏེ་འགྲོ་དོན་རྒྱ་ཆེར་མཛད། འདི་ནི་མེ་གླིང་དུ་ཕེབས་པ་དང་པོ་ཡིན།
1980 ལོར་ཁེ་ན་ཌ་སོགས་རྒྱལ་ཁབ་ ༤ ལ་ལན་རེར་ཕེབས།
1981 ལོར་དབྱིན་ཇི་དང་ཨ་རི། བལ་ཡུལ་བཅས་སུ་ལན་རེ།
1982 ལོར་མ་ལེའེ་ཞི་ཡ་སོགས་རྒྱལ་ཁབ་ ༡༡ ནང་ལན་གྲངས་ ༡༢ ཙམ་ཕེབས།
1983 ལོར་ཏུར་ཁེ་སོགས་རྒྱལ་ཁབ་ ༤ ནང་ཐེངས་ ༥ ཕེབས།
1984 ལོར་ཉི་ཧོང་དང་དབྱིན་ཇི། ཨ་རི་བཅས་ལ་ལན་རེ།
1985 ལོར་སུད་སིར་ཐེངས་གཅིག །
1986 ལོར་ཧྥ་རན་སི་སོགས་རྒྱལ་ཁབ་ ༦ ལ་ལན་རེ།
1987 ལོར་ཨ་རི་སོགས་གསུམ་ལ་ལན་རེ།
1988 ལོར་ནོར་ཝེ་རྒྱལ་ཁབ་སོགས་ ༡༠ ལ་ལན་ ༡༢།
1989 ལོར་མེཀ་སི་ཀོ་སོགས་རྒྱལ་ཁབ་ ༨ ལན་ ༡༡།
1990 ལོར་སི་པན་སོགས་རྒྱལ་ཁབ་ ༡༤ ནང་ལན་ ༡༥།
1991 ལོར་རྒྱལ་ཁབ་ ༡༧ ལ་ལན་ ༢༥།
1992 ལོར་རྒྱལ་ཁབ་ ༡༡ ལ་ལན་ ༡༥།
1993 ལོར་རྒྱལ་ཁབ་ ༡༢ ལ་ལན་ ༡༩།
1994 ལོར་རྒྱལ་ཁབ་ ༡༦ ལ་ལན་ ༡༧།
1995 ལོར་རྒྱལ་ཁབ་ ༩ ལ་ལན་ ༡༢།
1996 ལོར་རྒྱལ་ཁབ་ ༡༤ ལ་ལན་ ༡༥།
1997 ལོར་རྒྱལ་ཁབ་ ༧ ལ་ལན་ ༩།
1998 ལོར་རྒྱལ་ཁབ་ ༧ ལ་ལན་ ༡༡།
1999 ལོར་རྒྱལ་ཁབ་ ༡༥ ལ་ལན་ ༡༨།
2000 ལོར་རྒྱལ་ཁབ་ ༡༣ ལ་ལན་ ༡༣།
2001 ལོར་རྒྱལ་ཁབ་ ༡༡ ལ་ལན་ ༡༢།
2002 ལོར་རྒྱལ་ཁབ་ ༩ ལ་ལན་ ༡༠།
2003 ལོར་རྒྱལ་ཁབ་ ༩ ལ་ལན་ ༡༡།
2004 ལོར་རྒྱལ་ཁབ་ ༡༣ ལ་ལན་ ༡༤།
2005 ལོར་རྒྱལ་ཁབ་ ༡༠ ལ་ལན་ ༡༣།
2006 ལོར་རྒྱལ་ཁབ་ ༡༦ ལ་ལན་ ༢༠།
2007 ལོར་རྒྱལ་ཁབ་ ༡༡ ལ་ལན་ ༡༧།
2008 ལོར་རྒྱལ་ཁབ་ ༡༡ ལ་ལན་ ༡༣།
2009 ལོར་རྒྱལ་ཁབ་ ༡༦ ལ་ལན་ ༢༢།
2010 ལོར་རྒྱལ་ཁབ་ ༩ ལ་ལན་ ༡༦།
2011 ལོར་རྒྱལ་ཁབ་ ༡༨ ལ་ལན་ ༢༡།
2012 ལོར་རྒྱལ་ཁབ་ ༨ ལ་ལན་ ༡༣།
2013 ལོར་རྒྱལ་ཁབ་ ༡༣ ལ་ལན་ ༡༥།
2014 ལོར་རྒྱལ་ཁབ་ ༨ ལ་ལན་ ༡༡།
2015 ལོར་རྒྱལ་ཁབ་ ༣ ལ་ལན་ ༣། (2015 ལོའི་ཟླ་བ་ 4 པའི་བར།)

འདི་ལྟར་ཡང་ཤེས་པར་བྱ་སྟེ། དང་པོ་སྤྱི་ལོ་ 1954 ལོར་རྒྱ་ནག་ཏུ་ཆིབས་སྒྱུར་བསྐྱངས་པ་ནས་སྤྱི་ལོ་ 2015 ཟླ་བ་ 4 ནང་ཉི་ཧོང་དུ་ཆིབས་སྒྱུར་བསྐྱངས་པའི་བར་དུ་ཨ་རི་ལ་ཐེངས་ ༥༥ དང་། འཇར་མི་ནེ་(Germany)ལ་ ༤༣། ཉི་ཧོང་ལ་ཆེད་དུ་ཕེབས་མིན་ལ་མ་ལྟོས་པར་ཞབས་སོར་འཁོད་པ་ཐེངས་ ༣༩། ཨི་ཊ་ལིར་ཐེངས་ ༢༧། སི་ཝིའི་ཙིར་ལན་ཌི་(Switzerland)ལ་ཐེངས་ ༢༤། ཨོ་སི་ཊི་རེ་ལི་ཡ་(Australia)ལ་ཐེངས་ ༡༡ བཅས་ཏེ་འདི་དག་ནི་ཕེབས་ཐེངས་མང་ཤོས་ཀྱི་གྲས་ཡིན། མདོར་ན། ལོ་ངོ་ ༦༠ ལྷག་གི་རིང་རྒྱལ་ཁབ་ ༦༤ ལ་ལན་གྲངས་ ༤༧༧ ཆིབས་སྒྱུར་བསྐྱངས་སོ།།
Comments