ཁོ་བོ་དང་ཁོ་མོ།
- ཤེས་རབ་དར་རྒྱས། Sherab Dharge
- Feb 20, 2021
- 1 min read
ད་ལྟའི་བརྡ་སྤྲོད་ཀྱི་སྤྱི་འགྲོས་ལྟར་ན།
བདག་དང་ངེད་ཅག་སོགས་གང་ཟག་དང་པོ།
ཁྱོད་དང་ཁྱེད་ཅག་སོགས་གང་ཟག་གཉིས་པ།
ཁོང་དང་ཁོང་ཚོ་སོགས་གང་ཟག་གསུམ་པ་མཚོན་བྱེད་ཀྱི་མིང་ཚབ་རེད། འདི་ལ་ཆོས་རྗེ་ས་པཎ་གྱིས་མཁས་འཇུག་ཏུ་སྐྱེས་བུའི་ཐ་སྙད་སྦྱར་ཏེ་སྔོན་གྱི་ངོས་འཛིན་མི་འདྲ་བ་ཞིག་གསལ་བར་བསྟན་ཡོད་པ་འདི་ལྟར།
༡། སྐྱེས་བུ་དང་པོ་ནི་ལྷས་བྱིན་ལ་སོགས་པའོ།། ཞེས་གང་ཟག་གསུམ་པ་དང་།
༢། སྐྱེས་བུ་བར་པ་ནི་ཁྱོད་ལ་སོགས་པའོ།། ཞེས་གང་ཟག་གཉིས་པ།
༣། སྐྱེས་བུ་མཆོག་ནི་བདག་ལ་སོགས་པའོ།། ཞེས་གང་ཟག་དང་པོ་བསྟན་ཡོད། འདི་ནི་རྒྱ་གར་གྱི་སྐད་རྙིང་པའི་གསུང་ཚུལ་རེད། འོན་ཀྱང་།ད་ལྟའི་དུས་སུ་གང་ཟག་གམ་སྐྱེས་བུ་གསུམ་ནི་དང་པོ་ལྟར་བཤད་དོ།།
ཡི་གེ་འབྲི་བའི་ཚེ། གཅིག་ཚིག་གི་དབང་དུ་བྱས་པའི་གང་ཟག་གསུམ་པ་སྟོན་བྱེད་ཁོ་དང་ཁོང་། ཁོ་པ་བཅས་གསུམ་མ་འཆོལ་བར་བྱ་རྒྱུ་ཡང་གལ་ཆེ་སྟེ།
༡། ཁོ་ནི་སྒྲ་རང་བཞིན་པ།
༢། ཁོང་ནི་ཞེ་སའི་སྐད།
༣། ཁོ་པ་ནི་མ་རངས་པའི་ཚིག་རེད། དེ་གསུམ་གའི་འཇུག་ཡུལ་ལ་ཁྱད་པར་མེད།
དེང་སྐབས་འཇིག་རྟེན་གྱི་ཚོར་བ་ཉིན་རེ་ནས་ཉིན་རེར་ཇེ་རྣོ་དང་སྤྲེལ་ལད་ཀྱི་རྣམ་པ་ཇེ་གསལ་དུ་གྱུར་པའི་སྟབས་ཀྱིས། ཁོ་དང་ཁོ་ཚོ་ཞེས་པའི་སྒྲ་རང་བཞིན་པ་འདི་ཡང་སྨོད་པའམ་མ་གུས་པའི་ཚིག་ཏུ་གོ་མཁན་མང་བས། གུས་ཚུལ་ལྷུར་ལེན་པའི་དབུས་གཙང་བ་མང་པོས་བུད་མེད་ལ་ཡང་མོ་དང་མོ་རང་མི་ཟེར་བར་དེའི་ཚབ་ཏུ་ཁོང་དང་ཁོང་རང་ཟེར།
དེ་བཞིན་དུ་གུས་ཉམས་སྟོན་པ་ན། ཁྱེད་དང་ཁྱེད་རང་སོགས་མི་ཟེར་བར་དེའི་ཚབ་ཏུ་“ང་རང་ཚོ་”ཞེས་ཟེར། དབུས་གཙང་བ་ཡིན་ན། ཉན་མཁན་གྱིས་ཀྱང་བསྟན་གང་ཡིན་དེ་མ་ཐག་གོ་ཡང་། བོད་ཤར་ཕྱོགས་པ་རྣམས་འདི་ལ་མྱོང་གོམས་མེད་པས་གོ་དཀའ། གླེང་མོལ་བྱེད་དུས་གཟབ་དགོས།
ཡང་བོད་སྐད་དུ། “བཀྲ་ཤིས་ཅན་གྱི་བསམ་ཚུལ་ནི་”ཞེས་པ་ལྟ་བུ་ཅན་སྒྲ་སྦྱར་ཏེ་མ་རངས་པའི་རྣམ་པ་སྟོན་ཚུལ་ཞིག་ཀྱང་ཡོད། འདིར་བཀྲ་ཤིས་ཅན་ཞེས་པ་བཀྲ་ཤིས་ཁོ་ནར་མི་གོ་བར་དེའི་ཕྱོགས་གཏོགས་དང་བཅས་པར་གོ་དགོས། དབུས་ཁུལ་དུ་འབྲི་སྲོལ་འདི་དར་ཆེ།
སྐབས་དོན་ནི། ཁོ་དང་ཁོ་བོ། མོ་དང་ཁོ་མོ་རྣམས་ཀྱི་ཐད་ཡིན། དེ་ཡང་དེང་སྐབས་འགའ་ཞིག་གིས་གང་ཟག་གསུམ་པ་བཀྲ་ཤིས་ལྟ་བུས་བཤད་པ་ལ་མིང་ཚབ་སྤྱད་དེ། “ཁོ་བོས་བཤད་སོང་།” ཞེས་པ་ལྟ་བུ་དང་། ཡང་སྒྲོལ་མས་བཤད་པ་ལྟ་བུ་ལ། “ཁོ་མོས་ལབ་སོང་།” ཞེས་ཟེར་མཁན་ཧ་ཅང་ལ། དག་གསར་གྱིས་ཀྱང་འགྲིག་ཚུལ་བྲིས་འདུག།
གསལ་བོར་བཤད་ན། བཀྲ་ཤིས་དང་སྒྲོལ་མ་ཞེས་པ་གཉིས་ནི་གང་ཟག་གསུམ་པ་རེད་ལ། ཁོ་བོ་དང་ཁོ་མོ་གཉིས་ནི་གང་ཟག་དང་པོ་སྟོན་བྱེད་རེད། མདོར་ན། ཁོ་བོ་དང་ཁོ་མོ་ཞེས་པ་ང་ཞེས་པ་དང་ཁྱད་པར་མེད་པས་གོང་གི་འབྲི་ཚུལ་དེ་དག་མི་འགྲིག།
སྒྲུབ་བྱེད་ལུང་ལ་མ་གཏུགས་ན་མཁྲེགས་འཛིན་བྱེད་མཁན་མང་བས། ལུང་ཚད་ལྡན་འགའ་དྲངས་ན་འདི་ལྟར།
༡། བདག་ཅག་གི་སྟོན་པས།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།།
བདུད་རྩི་ལྟ་བུའི་ཆོས་ཤིག་“ཁོ་བོས་”རྙེད།།
སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།།
མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ།། ཞེས་ཁོ་བོ་ཞེས་པ་སྟོན་པས་སྟོན་པ་རང་ཉིད་ལ་གསུངས།
༢། རྗེ་བཙུན་སྒྲོལ་མས།
སྲས་ཀྱི་ཐུ་བོ་སྤྱན་རས་གཟིགས།།
ཁྱོད་ཀྱི་རྗེས་འབྲང་“ཁོ་མོས་”སྐྱོབ།།
“ཁོ་མོའི་”གདམས་པ་འདི་ལོངས་ལ།།
རྗེས་སུ་འབྲང་ལ་བསྟན་པར་གྱིས།། ཞེས་ཁོ་མོ་ཞེས་པ་ཡང་རྗེ་བཙུན་སྒྲོལ་མས་རྗེ་བཙུན་སྒྲོལ་མ་རང་ཉིད་ལ་གསུངས།
༣། རྗེ་རིན་པོ་ཆེས།
“ཁོ་བོས་”སྨྲས་པའི་རྗེས་སུ་ཞུགས་ཤིག་དང་།།
ཚེ་རབས་ཀུན་ཏུ་སྤྱོད་དང་སྨོན་ལམ་ཀུན།།
མཚུངས་པར་སྤྱད་དེ་ནམ་ཞིག་སངས་རྒྱས་ཚེ།།
བདུད་རྩིའི་བགོ་བཤའ་ཐོག་མར་སྦྱིན་པར་བྱ།། ཞེས་རྗེ་རིན་པོ་ཆེས་ཀྱང་རྗེ་རང་ཉིད་ལ་གསུངས། འདི་ལྟ་བུ་དག་ཤིན་ཏུ་མང་།
དེས་ན། ཁོ་བོ་ཞེས་པ་སྐྱེས་པས་རང་ཉིད་ལ་བརྗོད་པའི་སྒྲ་སྟེ་ང་ཞེས་པའི་དོན་ཡིན་གྱི། ཁོ་འམ་ཁོ་རང་ཞེས་པའི་དོན་མ་རེད། ཁོ་མོ་ཞེས་པ་ཡང་བུད་མེད་ཀྱིས་རང་ཉིད་ལ་བརྗོད་པའི་སྒྲ་སྟེ་དེ་ཡང་ང་ཞེས་པའི་དོན་རེད། འདི་དག་གཞུང་ཚད་ལྡན་དག་མཇལ་ན་ཤེས། དུས་གསར་གྱི་རྩོམ་གསར་རྣམས་ནི་ཁོ་བོས་ཁུངས་སུ་འཛིན་མི་ཐུབ། དེ་ལྟར་ན། ཁོ་བོ་དང་ཁོ་གཉིས་གཏན་ནས་མི་འདྲ་ལ། ཁོ་མོ་དང་མོ་གཉིས་ཀྱང་གཏན་ནས་མི་འདྲ།
དག་གསར་ན་ཟུར་འགྲེལ་ཡོད་པ་ལྟར། ད་དུང་“ཁོ་བོ་”དང་“ཁོ་མོ་”གཉིས་གང་ཟག་གསུམ་པར་འཇུག་གོ་ཞེས་ཨུ་ཚུགས་བྱེད་འདོད་ན།དེ་དེ་བཞིན་དུ་གྱིས་དང་། སུས་ཀྱང་འཁང་ར་མི་བརྗོད་ལ། སྔོན་གྱི་གཞུང་ལུགས་ཚད་ལྡན་དང་གནའ་དེང་གི་མཁས་པ་ཚད་ཐུབ་དག་གིས་ཀྱང་མཐེའུ་ཆུང་བསྟན་ནས་ཇི་སྲིད་བར་བསྔགས་བརྗོད་གནང་ངེས།
སྤྱི་ལོ་ 2018 ཟླ་བ་ 1 ཚེས་ 30 ཉིན།
ཤེས་རབ་དར་རྒྱས་ཀྱིས།
Comments