top of page
Search
  • Writer's pictureཤེས་རབ་དར་རྒྱས། Sherab Dharge

གནོན་མ་ཐུབ་པའི་ཚོར་བ།

Updated: Apr 3, 2023

ཤེས་རབ་དར་རྒྱས་ཀྱིས།

•ཕྱི་ཐག་རིང་ཞིང་ཡིད་ཆེས་ཟབ་པའི་གྲོགས་པོ་གཉིས་ཏེ། རྡོ་སྦིས་བརྩོན་འགྲུས་དང་དཔོན་ཚང་བཀྲ་ཤིས་གཉིས་ཀྱི་གཏོང་ཕོད་ལ་བརྟེན་ནས། ངེད་ཅག་གིས་ད་ཐེངས་དཔེ་དེབ་གསར་པ་གཉིས་ཀློག་མཁན་གྱི་མིག་མདུན་དུ་འཇོག་ལ་ཉེ་བས། ང་ཚོས་ལྷན་དུ་དོན་ཆེན་ཞིག་སྒྲུབ་ཐུབ་སོང་སྙམ་སྟེ་སེམས་ལ་སྤྲོ་སྣང་གིས་ཁེངས་ཡོད།

•རྒྱལ་བ་རིན་པོ་ཆེ། འཇིག་རྟེན་གྱི་ཉི་མ་སེར་པོ། འཛམ་གླིང་གི་ཟླ་བ་དཀར་པོ། བྱམས་བརྩེ་དང་ཤེས་རབ་ཀྱི་སྟོན་པ་ཆེན་པོ། བོད་གངས་ཅན་པའི་སྙིང་དབུས་སུ་བཞུགས་པའི་བླ་མ་བཀའ་དྲིན་ཅན། དགུང་ལོ་གྱ་བརྒྱད་ཀྱི་ལ་ངོས་སུ་ངལ་དུབ་མེད་པར་འཛུམ་ཤིག་ཤིག་གིས་ཕེབས་བཞིན་པའི་དྲང་སྲོང་བགྲེས་པོ། ༸གོང་ས་མཆོག་ལགས། ཁྱེད་ཀྱི་རྣམ་ཐར་བརྗོད་པའི་ཡིག་འབྲུ་རེ་རེ་དང་། ཁྱེད་ཀྱི་ཡོན་ཏན་བརྗོད་པའི་ཚིག་ཚོགས་རེ་རེ་ཡིས། བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་རེ་དང་། ལས་འབྲེལ་གྱི་གསེར་ཐག་རིང་མོ་རེ་བསྐྲུན་ཐུབ་པ་ངེད་ཅག་གིས་སྔར་ནས་ཤེས་ཡོད།

•རྒྱལ་བ་རིན་པོ་ཆེ་ལགས། ༸གོང་ས་མཆོག། ངེད་ཅག་ཁྱེད་ལ་དད་ཅིང་།ངེད་ཅག་ཁྱེད་ལ་དུང་། ཁྱེད་ནི་ངེད་ཅག་གི་སྐྱབས་དང་མགོན་ཡིན། ཁྱེད་ནི་ངེད་ཅག་གི་དཔུང་དང་གྲོགས་ཡིན། ཁྱེད་མེད་ན་འཇིག་རྟེན་འདི་མུན་པས་གཡོགས་འགྲོ། ཁྱེད་མེད་ན་འཛམ་གླིང་འདི་སྡུག་གིས་ཁེངས་འགྲོ། ཁྱེད་ཀྱི་འཛུམ་མདངས་གཏན་ནས་གློད་མི་ཉན། ངེད་ཅག་ལ་ཁྱེད་དགོས་ཤིང་། འཇིག་རྟེན་ལ་ཁྱེད་མཁོ། སྐུ་ཚེ་ངེས་པར་དུ་བརྟན་པ་གནང་དགོས། གཞིས་བཞུགས་ཚོས་ཁྱེད་ལ་བསྒུགས་ནས་བསྡད་ཡོད། རྒན་རྒོན་ཚོས་ཁྱེད་ལ་རེ་ནས་འཚོ་ཡོད།

•༸གོང་ས་མཆོག་ལགས། རྒྱལ་བ་རིན་པོ་ཆེ། ངེད་ཅག་ལ་ད་དུང་ནུས་པ་རེ་ཡོད་ན། ངེད་ཅག་ལ་ད་དུང་འཇོན་ཐང་རེ་ཡོད་ན། ངེད་ཅག་གིས་མུ་མཐུད་ནས་ཁྱེད་ཀྱི་ཡོན་ཏན་གླེང་འདོད་ཅིང་། ཁྱེད་ཀྱི་རྣམ་ཐར་འབྲི་འདོད། ངེད་ཅག་ལ་བྱིན་རླབས་རེ་གནང་རོགས།

•རྒྱལ་བ་རིན་པོ་ཆེ་ལགས།  ༸གོང་ས་མཆོག། ངོ་ཤེས་རེ་གཉིས་ཀྱིས། རྩོམ་པ་པོ་ནག་པོར་བསྒྱུར་མགོ་བརྩམས་ཀྱང་། རྩོམ་པ་པོའི་ལམ་ཁ་འགོག་མགོ་བརྩམས་ཀྱང་། རྩོམ་པ་པོར་སྒྲོ་འདོགས་དང་སྐུར་འདེབས་བྱེད་མགོ་བརྩམས་ཀྱང་། ་་་ རྒྱལ་བ་རིན་པོ་ཆེ་ལགས། ༸གོང་ས་མཆོག། དེ་དག་ཐམས་ཅད་བདེན་པ་མིན། དེ་དག་ཐམས་ཅད་དྲང་གཏམ་མ་རེད། རྩོམ་པ་པོས་ལོ་ངོ་འདི་དག་གི་རིང་དཀའ་ལས་བརྒྱབས་པ་ཁྱེད་ཀྱིས་མཁྱེན་ཡོད། རྩོམ་པ་པོས་ལོ་ངོ་འདི་དག་གི་རིང་ཧུར་བརྩོན་བྱས་པ་ཁྱེད་ཀྱིས་གཟིགས་ཡོད་ལགས།

•རྒྱལ་བ་རིན་པོ་ཆེ་ལགས། ༸གོང་ས་མཆོག། རྩོམ་པ་པོར་དམིགས་ཡུལ་དང་འདོད་པ་གཞན་མེད། རྩོམ་པ་པོར་ཧམ་པ་དང་སྲེད་པ་གཞན་མེད། ཚེ་ལྷག་ཡོད་ཚད་ཁྱེད་ཀྱི་རྣམ་ཐར་དང་ཁྱེད་ཀྱི་ཡོན་ཏན་བརྗོད་པ་ལ་བསྟིམ་རྒྱུ་དེ་རྩོམ་པ་པོའི་ཧམ་པ་དང་རྩོམ་པ་པོའི་སྲེད་པ་ཡིན་ལགས།

•རྒྱལ་བ་རིན་པོ་ཆེ་ལགས། ༸གོང་ས་མཆོག། ངེད་གསུམ་ལ་རམ་འདེགས་དང་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱང་ལྷག་བསམ་རྣམ་དག་རེད། ཁོང་ཚོ་ཚང་མ་ཡང་ཁྱེད་ལ་དུང་ཞིང་ཁྱེད་ལ་དད་ལགས།


1,090 views1 comment
Post: Blog2_Post
bottom of page