top of page
Search

ཁ་སྐད་ཡིག་འབེབས་བྱེད་ན་་་་་

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Sep 24, 2021
  • 1 min read

Updated: Sep 27, 2022


ree

དེ་རིང་ཕྱི་ལ་ཡོང་། གུང་གསེང་ཡིན། གནམ་གཤིས་ལེགས། གློག་ཀླད་མེད། དེས་ན། སེམས་གཡེང་བྱེད་དུ་ཡི་གེ་འགའ་ཁ་པར་ངོར་འབྲི།མང་པོར་མི་ཕན། འགའ་ཞིག་གིས་སྔར་ནས་ཤེས། སྐོར་ཞིག་གིས་དོ་སྣང་མི་བྱེད། ཕལ་མོ་ཆེ་རྩོད་ཉོག་ལ་མགོ་འཁོར། གང་ལྟར། ཡིག་ཐོག་ལ་ཕབ་བཞག་ན་བསམ་གཞིག་བྱས་པ་ཆུད་ཟོས་སུ་མི་འགྲོ་ལ། ལས་དང་པོ་བ་ཚོར་ཅུང་ཟད་རེ་ཕན་སྲིད། གཙོ་བོ་རང་དོན་ཡིད་བྱེད་ཀྱིས་ཀུན་ནས་བསླངས་ཡོད།


  1. སྤོར་ཕྱོགས་སློག། དོན་ནི། ཁ་ཕྱོགས་སམ་བྱེད་སྟངས་ལ་གོ་སྟེ། སྤོར་ཕྱོགས་བསློགས་ནས་བྱེད་ཀྱི་འདུག་ཟེར་ན། ཕྱིན་ཅི་ལོག་བྱེད་ཀྱི་འདུག་ཅེས་པའི་དོན་རེད། ཚིག་མཛོད་ཆེན་མོར། དེའི་དོན་ལ། ཁ་ཕྱོགས། ཞེས་དང་། དཔེར་བརྗོད་ལ། ལས་ཀ་སྤོར་ཕྱོགས་བསློགས་ནས་བྱེད་པ། ཞེས་བྲིས་འདུག།

  2. སྦོ་ལུག་པ། ཁ་སྐད་ཀྱི་སྒྲ་གདངས་ནི། འབོ་ལུག་ཅེས་པའི་སྒྲ་ལྟར་ཐོན། དོན་ནི། འཐོར་ཞིག་ཏུ་འགྱུར་བའམ། སྐྱོན་ཆག་འབྱུང་བ། གནོད་སྐྱོན་ཐེབས་པ། ཕན་མེད་དུ་འགྱུར་བ་སོགས་ལ་ཟེར། དཔེར་ན། བཅའ་ཁྲིམས་ལ་སྦོ་ལུག། གཞུང་སྦོ་ལུག་ཅེས་པ་ལྟ་བུ། ཚིག་མཛོད་ཆེན་མོར། དེའི་དོན་ལ། ཞིག་པ། ཞེས་དང་། དཔེར་བརྗོད་ལ། དམིགས་བསལ་གྱི་དབང་ཆ་སྦོ་ལུག་པ། ཞེས་བྲིས་འདུག།

  3. སྦོ་ཤོབ། ངག་ནས་རྗོད་དུས་ཤོབ་ཀྱི་རྗེས་འཇུག་གསལ་པོར་མི་འདོན་པ་དང་། སྦོ་ལ་ར་ཡི་རྗེས་འཇུག་ཡོད་པ་ལྟར་འདོན། དོན་ནི། འུད་དང་ང་རྒྱལ་གྱི་གཏམ་ལ་གོ་དགོས། མི་དེས་ག་དུས་ཡིན་ནའང་སྦོ་ཤོབ་བཤད་ཀྱི་རེད་ཅེས་པ་ལྟ་བུ་སྟེ། ཁ་རྒྱགས་པ་བཤད་ཟེར་བ་དང་ཕལ་ཆེར་མཚུངས། ཚིག་མཛོད་ཆེན་མོར། དེའི་དོན་ལ། འུད་ཤོབ་བམ་ཁ་རྦད། ཅེས་དང་། དཔེར་བརྗོད་ལ། སྐད་ཆ་སྦོ་ཤོབ་ཚ་པོ། ཞེས་བྲིས་འདུག།

  4. སྤྲ་ལག་རྩེ། ཁ་སྐད་ཀྱི་སྒྲ་གདངས་ནི། པྲབ་ལག་ཅེས་རྗེས་འཇུག་བ་སྒྲ་འདོན། སྤྲ་ལག་ཅེས་པའི་དོན་ནི། གཡོ་འཕྲུལ་ལམ་གཡོ་སྒྱུ་དང་ཁྲམ་པའི་ལས་ཀ་ལ་ཟེར། དཔེར་ན། ལྐོག་ནས་སྤྲ་ལག་རྩེ་གི་ཡོད་པ་རེད། ཅེས་པ་ལྟ་བུ། ཚིག་མཛོད་ཆེན་མོར། དེའི་དོན་ལ། གཡོ་ཁྲམ་གྱི་སྤྱོད་ཚུལ། ཞེས་དང་། དཔེར་བརྗོད་ལ། ཁ་ཞེ་མི་མཐུན་པ་ནི་སྤྲ་ལག་ཚ་པོའི་རྟགས་རེད། ཅེས་བྲིས་འདུག།

  5. མགོ་ལོག་བཙལ། ངག་ནས་རྗོད་དུས། བཙལ་གྱི་རྗེས་འཇུག་གསལ་བར་མི་འདོན། མི་མང་པོས། མགོ་ལོག་བརྫིས་ཟེར་ཡང་། གཞན་གྱིས་དེ་ལྟར་མི་ཟེར། དོན་ནི། བསམ་དོན་ལྟར་མི་འབྱུང་བར་བྱེད་པའམ་རྙོག་དྲ་བཟོ་བ་ལ་ཟེར། ཚིག་མཛོད་ཆེན་མོར། དེའི་དོན་ལ། རྙོག་འཛིང་། ཞེས་དང་། དཔེར་བརྗོད་ལ། དོན་མེད་བྱ་གཞག་མང་ན་མགོ་ལོག་བཙལ་ཡོང་། ཞེས་བྲིས་འདུག།

  6. ག་ཕྱི་ལོག། གབ་ཕྱི་ལོག་ཅེས་རྗེས་བ་སྒྲ་འདོན། དོན་ནི། ཚུལ་བཞིན་མ་ཡིན་པའམ་ཕྱིན་ཅི་ལོག་ལ་ཟེར། ག་ཕྱི་ལོག་རྐྱང་རྐྱང་བྱེད། ག་ཕྱི་ལོག་ནས་བྱེད། ཅེས་པ་ལྟ་བུ། ཚིག་མཛོད་ཆེན་མོར། དེའི་དོན་ལ། ཕྱིན་ཅི་ལོག་པ། ཞེས་དང་།དཔེར་བརྗོད་ལ། སྐད་ཆ་བདེན་རྫུན་ག་ཕྱི་ག་ལོག་ཤོད་པ། ལས་ཀ་དཀར་ནག་ག་ཕྱི་ག་ལོག་བྱེད་པ། ཞེས་བྲིས་འདུག།

  7. ག་ཕྱི་ག་ལོག། ག་ཕྱི་ལོག་དང་མཚུངས། ཚིག་མཛོད་ཆེན་མོར། དེའི་དོན་ལ། ཕྱིན་ཅི་ལོག་པ། ཞེས་དང་། དཔེར་བརྗོད་ལ། སྐད་ཆ་བདེན་རྫུན་ག་ཕྱི་ག་ལོག་ཤོད་པ། ལས་ཀ་དཀར་ནག་ག་ཕྱི་ག་ལོག་བྱེད་པ། ཞེས་བྲིས་འདུག།

  8. སྔོ་ལོ་ཕྱར། ཚིག་མཛོད་ཆེན་མོར། སྔོ་ལོ་ཞེས་པའི་དོན་ལ། ཞབས་འདྲེན་ནམ། སྐྱོན་དུ་གྱུར་པའི་དཔེ། ཞེས་དང་། དཔེར་བརྗོད་ལ། སྤྱོད་ངན་བྱས་ནས་ཞབས་འདྲེན་ཞུས་སོང་། སྔོ་ལོ་ཕྱར་སོང་། ཞེས་བྲིས་འདུག།

  9. གར་བཏང་གོ་ཆོད། འདི་ལ་བཀའ་བཏང་གོ་ཆོད་ཅེས་འབྲི་མཁན་ཡོད་ཀྱང་ཞིབ་ཏུ་བསམས་ན། ག་པར་བཏང་ཡང་གོ་ཆོད་པ་ཞེས་པའི་དོན་ཡིན་པས། གར་བཏང་གོ་ཆོད་ཅེས་འབྲི་དགོས། ཚིག་མཛོད་ཆེན་མོའི་ཐ་སྙད་གཞན་གྱི་འགྲེལ་བཤད་དུའང་། གར་བཏང་གོ་ཆོད་ཅེས་བྲིས་འདུག་པ་ལེགས། དེའི་མ་ཚིག་ན་མེད།

  10. འཕྲལ་ཐག་ཆོད་པོ། དོན་དག་གང་ཞིག་ཡིན་ཡང་། བསམ་བློ་ཡང་ཡང་བཏང་ནས་ནར་འགྱངས་དང་ཐག་མ་ཆོད་པ་མི་བྱེད་པར་འཕྲལ་དུ་ཐག་གཅོད་བྱེད་ཐུབ་མཁན་ལ་ཟེར།

  11. འཚུབ་ཐེར། འཚུབ་པོའམ་པྲ་ཚག་དང་རྒོད་པོའམ་འཁྲུག་ཆ་དོད་པོའི་དོན་རེད། བྱིས་པའི་སྤྱོད་ལམ་ལ་འགྲེལ་བཤད་རྒྱག་དུས་བེད་སྤྱོད་བྱེད།

  12. མིག་རྒྱན། འདི་ལ་དམིགས་རྒྱན་དང་དམིགས་རྐྱེན་ཞེས་ཅི་རིགས་པར་འབྲི་བ་ཡོད་ཀྱང་། དེ་གཉིས་ཀ་མི་དག། དོན་ནི། མཛེས་ཆོས་སམ་མཛེས་རྒྱན་ཏེ། བསྟན་པའི་མཚན་ལ་གོང་འདེགས་སུ་འགྲོ་བ་ལ་བསྟན་པའི་མིག་རྒྱན་དུ་འགྱུར་ཞེས་ཟེར། རྣམ་ཐར་དང་ལོ་རྒྱུས་སོགས་སུ་བསྟན་པའི་མིག་རྒྱན་ཞེས་བྲིས་པ་ཧ་ཅང་མང་།

  13. ལེགས་སོའི་དབུགས་དབྱུང་། འདི་ལ་ལེགས་གསོལ་འབྲི་མཁན་ཡོད་ཀྱང་མི་དག། ལེགས་སོ་ཞེས་འབྲི་དགོས། དོན་ནི། བཟང་ངོ་ཞེས་པ་དང་མཚུངས་ཏེ། བསྟོད་པའམ་ཡི་རངས་བྱེད་པ་ལ་ཟེར།

  14. རྣོ་ཟུར་དང་རྟུལ་ཟུར། འདིའི་དག་ཆ་མི་ཤེས་མཁན་མང་། གང་ལྟར། རྣོ་བའི་ཟུར་དང་རྟུལ་བའི་ཟུར་ཞེས་བརྗོད་ན་དོན་མི་གོ་བ་མེད།“བཀའ་མས་གཞི་བཟུང་གཏེར་མས་རྣོ་ཟུར་འདོན་ཐུབ་པ་དགོས།” ཞེསཡང་ཡང་བཀའ་སྩལ་བའི་ཐོག་ནས་བསམས་ན་ཡང་གོ་སླ།

ད་དུང་འབྲི་རྒྱུ་མང་ཡང་། མངས་ན་མི་བཟང་། ཉུངས་ན་མི་ཕན། རན་པ་ནི་དབུ་མའི་ལམ་ཉིད་ཡིན་པས་འདི་ཙམ་གྱིས་འགྲིག་པར་བྱས་པ་སྟེ། དེ་ཡང་རྡོ་ལ་རི་བོའི་གཡས་ངོགས་ནགས་ལྗང་འདབ་མ་ཐུར་དུ་འཕྱང་བའི་གྲིབ་བསིལ་ཉམས་དགའ་བ་ནས་བྲིས། ལྕགས་གླང་ཟླ་ ༨ ཚེས་ ༡༨ སྤྱི་ལོ་ 2021 ཟླ་ 9 ཚེས་ 24 ལ།


ཞུས་དག་སོང་མེད་ལ། བསམ་གཞིག་ཀྱང་མང་དུ་བྱེད་ཁོམ་མ་བྱུང་། དེས་ན། གོང་གསལ་རྣམས་འགྲིག་མིན་དཔྱད་པར་འཚལ།

 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

Comentários


Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page