top of page
Search

ཅི་བཤད་ཀྱང་ཁྲི་མ་འབུམ་གྱི་དགའ་བསུ་ཐོབ་པ་དེ་ཁོ་ནས་རྒྱལ་ཁ་བསྐྲུན་སོང་།

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Nov 21, 2020
  • 1 min read

Updated: Nov 22, 2020

—ང་དགའ་ས་ནི་སྒྱིད་ལུག་གི་ལྡོག་ཕྱོགས་སུ་ལངས་ཏེ་སྤྱི་དོན་ལ་འབུངས་པའི་སྐྱེ་བོ་དག་ཡིན།

ree

ད་ལོ་སྟེ་སྤྱི་ལོ་ 2020 ལོ་འདི་བོད་ལ་མཚོན་ན། སྒྱུ་རྩལ་ལོ་རྒྱུས་ལ་སྔོན་ཐོན་གྱི་དབུ་ཁྱུད་བཀོད་པའི་དུས་སྐབས་ཁྱད་པར་བ་ཞིག་རེད། ད་ཐེངས་ཀྱི་འགྲན་ཚོགས་འདིའི་མིང་ལ་ཅི་ཞིག་བཏགས་ཀྱང་རུང་སྟེ། དོན་ལ་“བོད་ཀྱི་ THE VOICE” ཡིན་པ་ལ་སུས་ཀྱང་བསྙོན་མི་ཐུབ། ངས་འདི་ལྟར་ཤོད་དགོས་དོན་ནི། མུ་མཐུད་འཛམ་གླིང་གི་ THE VOICE ཡི་ལེགས་ཆ་རྣམས་བླངས་ཏེ། བོད་ཀྱི་རོལ་གཞས་སྒྱུ་རྩལ་འདི་རྩྭ་ཐང་ཙམ་དུ་མ་བཞག་པར་འཛམ་གླིང་ལ་ཁ་ཕྱོགས་ཐུབ་པ་ཞིག་བྱུང་ན་སྙམ་པ་དེ་ཡིན།

རོལ་གཞས་འགྲན་ཚོགས་ཆེན་མོ་ THE VOICE ཞེས་གྲགས་པ་འདི་ཆེས་ཐོག་མར་སྤྱི་ལོ་ 2010 ལོར་ཧོ་ལན་རྒྱལ་ཁབ་ནས་དར་ཞིང་། ཨ་རིས་ནང་འདྲེན་བྱས་ཏེ་སྤྱི་ལོ་ 2011 ལོར་ཆེད་གཏོང་བྱས་པར་མ་ཟད། འཛམ་གླིང་གི་ THE VOICE སྙན་གྲགས་ཆེ་ཤོས་སུ་ཡང་གྱུར། རྒྱ་ནག་གིས་དེ་ཉིད་ནང་འདྲེན་བྱས་ཏེ་སྤྱི་ལོ་ 2012 ལོར་བརྙན་འཕྲིན་ནས་ཆེད་གཏོང་བྱས་ཀྱང་ཕྱི་ཕྱོགས་སུ་དེ་ཙམ་གྲགས་ཆེན་པོ་བྱུང་མེད། རྒྱ་གར་གྱིས་ནང་འདྲེན་བྱས་ཏེ་སྤྱི་ལོ་ 2015 ལོར་ཆེད་གཏོང་བྱས་ཤིང་། དེ་མཚུངས་རྒྱལ་ཁབ་གཞན་མང་པོས་ཀྱང་ཅི་ཐུབ་ཀྱིས་ནང་འདྲེན་བྱས་ཡོད།

ree

རོལ་གཞས་ཀྱི་ཤེས་ཡོན་རྡུལ་ཙམ་ཡང་མེད་པ་ཞིག་གིས་བལྟས་ཀྱང་། ད་ལོའི་འགྲན་བསྡུར་ཆེན་མོ་འདིའི་སྐུལ་འདེད་ལ་བརྟེན་ནས་བྱུང་བའི་གསར་གཏོད་དང་ལས་སྣོན་ནི་ཧ་ལས་པ་ཞིག་རེད་སྙམ་པ་འབྱུང་། གལ་ཆེ་ཤོས་ནི་འཛམ་གླིང་གི་ THE VOICE ཞེས་པའི་རོལ་གཞས་འགྲན་ཚོགས་ཀྱི་ལམ་དུ་རང་བཞིན་གྱིས་ཞུགས་ཟིན་པ་དེ་རེད། ཕྱི་ནང་གི་ལྟད་མོ་བ་བགྲང་ལས་འདས་པས་མིག་ཅེར་ནས་བལྟས་པའང་དེའི་རྐྱེན་གྱིས་རེད།

ree

ལྟད་མོ་བའི་མིག་དང་ཡིད་ཀྱི་དབང་བོ་རྣམས་གར་སྟེགས་སུ་བཀུག་སྟེ་སྤྲོ་སྣང་སྦྱིན་མཁན་ནི་གར་སྟེགས་ཀྱི་མདུན་དབུས་སུ་ལངས་པའི་རོལ་གཞས་སྒྱུ་རྩལ་བ་ཁོ་ན་མ་རེད། རོལ་གཞས་སྒྱུ་རྩལ་བ་ནི་འཁྲབ་སྟོན་པ་གཙོ་བོ་སྟེ། དེ་དག་གི་རྒྱབ་མདུན་དང་གཡས་གཡོན་དུ་དེ་ལས་མང་ཞིང་དཀའ་ཚེགས་ཆེ་བའི་ལས་ཀ་དང་ཤེས་འཇོན་གྱི་དཔུང་ཆེན་པོ་རེ་ཡོད་པ་ང་ཚོས་ཤེས། འོན་ཀྱང་། མིང་དང་མཐོང་དང་ཐོབ་དང་ཁེ་ཕལ་མོ་ཆེ་གཞས་པ་གཞས་མ་ཚོས་ཁྱེར་འགྲོ་བ་འདྲ། འདི་ནི་བྱེད་སྒོ་དང་ལས་རིགས་ཕལ་མོ་ཆེའི་ནང་ཀུན་ལ་གཅིག་མཚུངས་རེད། དེ་ལྟ་ནའང་། སྔོན་ཐོན་འགྲན་ཚོགས་སྐོར་ཞིག་ནི་དེ་ལྟ་མ་རེད།

འགྲན་ཞུགས་པ་དང་མདོ་འཛིན་པ་སོགས་ཀྱིས་བརྗོད་པ་ལྟར། འགྲན་བསྡུར་ལས་ཐོབ་པའི་ཨང་རིམ་ནི་དེ་ཙམ་གལ་ཆེན་མ་རེད་ལ། སྟབས་ཉེས་ན། མི་སྒེར་རམ་ཡུལ་ཕྱོགས་གཅིག་པར་ཆགས་སྡང་སློང་བའི་རྒྱུར་ཡང་འགྱུར་མི་སྲིད་པ་མིན། མ་གཞི་ནས། མིའི་ཉོན་མོངས་ནི་རྒོད་པོ་མཐུར་མེད་ལྟར་སྟངས་འཛིན་བྱེད་སླ་བ་ཞིག་མ་རེད། དེ་ལྟ་ནའང་། འགྲན་བསྡུར་མེད་ན་རྩོལ་བ་དང་ལེགས་བཅོས་མེད་ལ། དེ་གཉིས་མེད་པ་རྣམས་ནམ་ཡང་རྒྱབ་ཏུ་ལུས་ནས་སྡོད་པ་ལས་ཐབས་མེད་པའི་གནས་ལུགས་འདི་ལ་སྣང་ཆུང་བྱེད་མི་རུང་།

རྙིང་པ་གང་ཞིག་ཡིན་ཡང་། དེ་ལ་ལས་སྣོན་དང་ཁ་གསབ་མེད་ན། རྙིང་པ་ཉིད་དུ་ལུས་ནས་རྒས་རྒྱུ་ལས་གསོན་ཤུགས་དང་འཕེལ་རྒྱས་ཟེར་བ་ཡོང་ས་མེད། བོད་ཀྱི་སྒྲ་སྙན་རྡུང་ལེན་ཡང་དེ་མཚུངས་རེད། ཤེས་རིག་ཏུ་གཏོགས་པ་གང་ཞིག་ལ་སྔོན་ཐོན་གྱི་ཉམས་མ་ཐོན་ན། དེ་ཉིད་འཆི་ལམ་སྙེག་རྒྱུར་གདོན་མི་ཟ་བས། མ་ལག་ཀུན་ལ་འཕེལ་རྒྱས་ཀྱི་རྣམ་པ་འདོན་རྒྱུ་དེ་གཙོ་བོའི་ནང་གི་གཙོ་བོ་རེད།

བོད་ཀྱི་རྡུང་ལེན་སྒྱུ་རྩལ་གྱི་ལོ་རྒྱུས་ནང་། བཀའ་དྲིན་གཞལ་དཀའ་བ་ཨ་ལགས་གུང་ཐང་ཚང་དང་དཔལ་མགོན་བདུད་བྷེ་སོགས་བྱུང་མེད་ན། དེ་རིང་གི་འདི་ཡོང་ས་མེད་པས། བཀའ་དྲིན་རྗེས་དྲན་ནི་བསམ་ཤེས་ཀྱི་རྩ་བ་རེད། འོན་ཀྱང་། ངས་བཤད་འདོད་པ་ནི། འཕེལ་རྒྱས་འདོད་ན། གནའ་དེང་ཟུང་འབྲེལ་བྱེད་དགོས་ཞེས་པ་དེ་ཡིན། འདི་ནི་ཆོས་སྲིད་ཀྱི་གནད་ཀུན་ལ་གཅིག་མཚུངས་རེད། མི་སྡེ་རྒྱལ་ཁམས་ཀྱི་ཁམས་དང་མོས་པའམ། དེང་རབས་གསར་གཏོད་ཀྱི་ཁྱད་ཆོས་དང་ལེགས་ཆ་བསྡུ་ལེན་བྱེད་མི་འདོད་པ་ཚོར་ནམ་ཡང་རྒྱལ་ཁ་མེད།

ད་ཐེངས་ཀྱི་རྡུང་ལེན་འགྲན་ཚོགས་འདི་སྔ་མོའི་དེ་དང་མི་མཚུངས་པ་ཀུན་གྱིས་མཐོང་ཡོད། དེ་དང་མ་མཚུངས་པ་དེ་ཁོ་ནས་བོད་ཀྱི་སྒྲ་སྙན་རྡུང་ལེན་ཡར་རྒྱས་དང་ཚགས་ཚུད་དུ་འགྲོ་བཞིན་པ་ཤེས་ཐུབ། ཡུལ་དུས་གང་ཟག་བྱེ་བྲག་པ་རེ་གཙོ་འདོན་བྱས་ཏེ་ཕྱིར་མིག་ཁོ་ན་བལྟས་ན། བོད་ཀྱི་སྒྱུ་རྩལ་ལས་རིགས་ཀྱི་མདུན་སྐྱོད་ལ་འགོག་རྐྱེན་འབྱུང་བར་ཐེ་ཚོམ་མེད་པས། ཆུ་མགོ་འཚོལ་བའི་གནའ་བོའི་ལོ་རྒྱུས་དེས་རྩེར་སྙེག་གི་ལག་བསྟར་ལས་རིགས་ལ་ཤུགས་རྐྱེན་ནམ་ཡང་སྟེར་མི་རུང་སྙམ།

འཚོ་དགོས་ཤིང་གནས་དགོས་པ་དང་། དེ་དང་ལྷན་དུ་འཕེལ་དགོས་ན། མང་ཚོགས་ཀྱི་དགའ་མོས་ཐོབ་དགོས་ལ། འཛམ་གླིང་སྤྱི་མཚུངས་ཀྱི་ལམ་དུའང་དཔུང་པ་མཉམ་གཤིབ་ཀྱིས་ཞུགས་དགོས་པ་ཡིན། གལ་ཏེ་ད་ཐེངས་ཀྱི་རྡུང་ལེན་རྣམས་དཔལ་མགོན་དང་བདུད་བྷེ་སོགས་ཀྱི་སྐབས་ལྟར་གནས་ཡོད་ན། ཁོང་ཚོའི་རྡུང་ལེན་ལ་བསྔགས་མི་འདོད་པ་ག་ནས་ཡིན་ཡང་། ལོ་མང་སོང་བའི་ད་ལྟའི་འདི་ལ་འཕེལ་རྒྱས་མ་བྱུང་བ་རེད། འཕེལ་རྒྱས་བྱུང་མེད་ན། དེའི་གནས་ས་གཙོ་བོ་སྔར་བཞིན་རྩྭ་ཐང་ཙམ་ཞིག་ཡིན་དགོས་པ་རེད། རྩྭ་ཐང་ཙམ་དུ་གནས་པ་ནི་མི་རྣམས་ཀྱི་འཚོལ་སྙེག་ག་ལ་ཡིན།

ree

འཚོ་གནས་འཕེལ་གསུམ་ལ་དགོངས་པ་བཞེས་ནས། མཁས་མཆོག་དབྱིག་གཉེན་སོགས་ལ་དག་ཐེར་མཛད་ཅིང་། འཛམ་གླིང་གི་ཚན་རིག་དང་དཔུང་པ་མཉམ་གཤིབ་ཀྱང་གནང་བ་རེད། དེའི་འབྲས་བུ་ནི་ཧ་ཅང་བློ་ཡུལ་ལས་འགོང་བ་ཞིག་སྟེ། ད་ལྟ་བསྟན་བཤིག་འབུམ་ཕྲག་དུས་གཅིག་ལ་བསླེབས་ཀྱང་། འཚབ་མི་དགོས་པ་དང་དངངས་མི་དགོས་པ། སྐྲག་མི་དགོས་པ་དང་འགྱོད་མི་དགོས་པ་ཞིག་ཏུ་གྱུར་ཡོད་པ་འདིའི་གནས་ལུགས་ཤེས་གལ་ཆེ། བོད་ཀྱི་སྒྱུ་རྩལ་ལས་རིགས་སོགས་ལ་ཡང་འདི་ལྟ་བུའི་རྩེར་སྙེག་གི་སྙིང་སྟོབས་ཡོད་དགོས་ལ། བོད་ཀྱི་ལས་རིགས་གཞན་ལ་ཡང་དེ་མཚུངས་བྱེད་དགོས་པར་མཐོང་སྟེ། ང་ཚོས་རྟག་ཏུ་“ཉམས་པ་སོར་ཆུད་དང་མ་ཉམས་པ་གོང་འཕེལ་”ཞེས་རྗོད་པའི་ནང་དོན་ངོ་མ་བོ་ཡང་བྱེད་ཐབས་དེ་དག་གི་སྟེང་ནས་སྒྲུབ་དགོས་པ་ཡིན་ནོ།།

 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

Comments


Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page