top of page
Search

ཉེ་ལམ་བྲིས་པའི་དེབ་ཆུང་གི་མཇུག་གི་ཚན་པ།

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Apr 8, 2022
  • 1 min read

བཅུ་པ། ཕྱག་དཔེ་དབུ་འབྱེད་དང་བཀའ་དྲིན་རྗེས་དྲན།

(གསལ་བཤད། དེབ་ཆུང་འདི་ཐོག་མར་འབྲི་སྐབས། གནད་དོན་འགའ་ཞིག་ཐག་མ་ཆོད་པ་དང་། མཛད་སྒོ་འཚོགས་ལ་ཉེ་བའི་དུས་སུ་དོན་དག་འགའ་ལ་འགྱུར་བ་ཕྱིན་པ་སོགས་ཀྱི་དབང་གིས། ཚན་པ་འདི་ཟུར་དུ་ཕྱེ་སྟེ་འབྲི་དགོས་པ་བྱུང་།)

ree

ལོ་རྒྱུས་སུ་གནས་པའི་ཆེད་དུ་གནད་དོན་གཞན་ཞིག་འབྲི་རྒྱུར། དེ་ཡང་ཡིག་ཚོགས་བསྐྱུང་བ་དང་ཀློག་མཁན་ལ་སྟབས་བདེ་བའི་དོན་དུ་པོད་དགུ་ཅན་གྱི་ཕྱག་དཔེ་དེ་དག་ཡིག་མདོག་མི་འདྲ་བའི་ལམ་ནས་བྲིས་ཡོད་པས། དཔར་བའི་སྐབས་སུ་ཡང་ཚོན་ཁྲ་ཅན་དུ་དཔར། དེར་བརྟེན། པར་ཁང་དུ་འགྲོ་གྲོན་ཆེན་པོ་མི་གཏོང་ཀ་མེད་ཡིན་པས། པོད་དགུ་ཅན་ཆ་ཚང་བ་རེ་ལ་རྒྱ་གར་གྱི་སྒོར་མོ་ཉིས་ཁྲི་ཆིག་སྟོང་ཉིས་བརྒྱ་ང་དྲུག་(༢༡༢༥༦)རེ་སོང་། འདི་ནི་དཔར་བའི་འགྲོ་གྲོན་རྐྱང་པ་ལས་གཞན་མིན། དེ་ཡང་བླ་མ་བདེ་བར་གཤེགས་པ་སྐྱབས་རྗེ་ཀིརྟིའི་མཚན་ཞབས་རིན་པོ་ཆེའི་ཞལ་སྔ་ནས་ཀྱིས། “མ་འོངས་པར་ཉུང་ཤས་ཤིག་ལ་ཕན་པར་འགྱུར་བ་ཡིན།” ཞེས་ཡང་ཡང་བདག་ལ་གསུང་མྱོང་བ་ལྟར། ཕྱག་དཔེ་པོད་དགུ་ཅན་འདི་བཤད་ལུང་གི་རྒྱུན་འཛིན་ཆེན་པོ་རྣམས་དང་། དུས་ཀྱི་འཁོར་ལོར་ཆེད་སྦྱོང་ཞིབ་འཇུག་གནང་མཁན་རྣམས་ལ་ངེས་པར་མཁོ་བ་ཙམ་ལས་སྐྱེ་བོ་སྤྱི་བྱིངས་ལ་དེ་ལྟ་མིན་པས་གྲངས་ཀ་ཉུང་ཉུང་ཙམ་ལས་མ་དཔར།

ཞ་ལུ་དགོན་པས་འགན་བཞེས་ཏེ་དཔར་ཐེངས་དང་པོ་དཔར་བཞིན་པའི་སྐབས་སུ། ཡོངས་གྲགས་ཀྱིས་གསལ་བསྒྲགས་མ་སྤེལ་ཡང་། དཔར་བཞིན་པ་གཅིག་ལ་གཉིས་བརྒྱུད་ཀྱིས་ཤེས་ཏེ་ཕྱག་དཔེ་དེ་དག་དགོས་ཟེར་མཁན་མང་ཙམ་བྱུང་སོང་བས་བསྐྱར་དུ་དཔར་དགོས་བྱུང་། དཔར་ཐེངས་གཉིས་པའི་སྐབས་སུ་ཁོ་བོ་རང་ངོས་ནས་དེ་དག་ལ་པར་སྐྲུན་གྱི་བདག་དབང་ཕུལ་བ་ཙམ་ལས་བྱ་བ་གཞན་སྒྲུབ་དགོས་པ་མ་བྱུང་།

དཔར་ཐེངས་གཉིས་པའི་སྐབས་འདིར། བྱེས་སུ་བཞུགས་པའི་བླ་སྤྲུལ་དང་དཔེ་ཆ་བ། ཚོགས་སྡེ། བོད་ནང་གི་དཔེ་མཛོད་དང་སྒེར་པ་ལ་དམིགས་པ། དེ་བཞིན་དུ། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་དཔེ་མཛོད་ཁང་སོགས་ཀྱིས་མངགས་ཆ་གནང་སོང་བས། དཔལ་རྒྱལ་བ་ཇོ་ནང་བ་ཆེན་པོ་དེ་ཉིད་དུས་འཁོར་ལ་དམིགས་བསལ་ཡིན་པ་དང་། ས་རཱ་བོད་ཀྱི་མཐོ་སློབ་ཁང་གིས་བོད་ཕྱི་ནང་གི་ཕྱག་དཔེ་སྣ་ཚོགས་མཁོ་སྒྲུབ་བྱེད་བཞིན་པ་གཉིས་ལ་ལྷག་བསམ་གཙང་མས་ཆེ་མཐོང་ཕུལ་ཏེ། ཐུགས་འདོད་ཡོད་ཚེ་དཔར་ཐེངས་གཉིས་པའི་སྐབས་འདིར་མངགས་སྒྲུབ་བྱེད་པའི་གོ་སྐབས་ཡོད་ཚུལ་ཞུས་ཀྱང་། དགོས་མི་དགོས་ཀྱི་ལན་ཙམ་ཡང་མ་འབྱོར། འདི་ལྟར་ཁ་གསལ་དུ་འབྲི་བ་ནི། གནད་དོན་གཞན་གང་ཡང་མིན་པར་རང་ངོས་ནས་སྒྲུབ་འོས་པ་དེ་བསྒྲུབས་ཡོད་པའི་གནས་ཚུལ་ངོ་མ་ཡིག་འཇོག་བྱས་ན། སླད་མར། འབྲེལ་ཡོད་ངོ་ཤེས་ནས་གླེང་གཞི་གཞན་མི་འབྱུང་སྙམ་པ་ཙམ་ཡིན།

གང་ལྟར་ཡང་། གོང་དུ་གསལ་བ་ལྟར་ལོ་མང་རིང་ལས་གཞི་ཆེན་པོ་ཞིག་བསྒྲུབས་ནས་འོངས་ཤིང་། ལས་གཞི་ཆེན་པོ་ཞིག་ལ་བསམ་གཞིག་བྱས་ནས་བསྡད། མཇུག་མཐར། ཆོས་རྗེ་བུ་སྟོན་རིན་ཆེན་གྲུབ་ཀྱི་གདན་ས་ཆེན་པོ་བྱེས་ཀྱི་ཞ་ལུ་དགོན་པས་འཁུར་བཞེས་ཏེ་ཕྱག་དཔེ་པོད་དགུ་ཅན་དེ་པར་སྐྲུན་གྲུབ་པ་དང་ལྷན་དུ། “རྨད་བྱུང་དགོངས་བཞེད་ལས་འཁྲུངས་པའི་དུས་འཁོར་རྒྱུད་འགྲེལ་ཆེན་མོའི་ཕྱག་དཔེ་དབུ་འབྱེད་དང་རྒྱལ་བའི་བཀའ་དྲིན་རྗེས་སུ་དྲན་པ།” ཞེས་པའི་བརྗོད་གཞིའི་འོག་མཛད་སྒོ་ཞིག་འཚོགས་ཐུབ་ན་བསམས། དེ་ནི་གཙོ་བོ་རྒྱལ་བ་དོན་གྱི་བདག་པོའི་བཀའ་དྲིན་རྗེས་སུ་དྲན་པའི་སླད་ཡིན་ལ། དེ་དང་ཆབས་ཅིག་ཀིརྟིའི་མཚན་ཞབས་རིན་པོ་ཆེ་སོགས་བོད་ཀྱི་སྐྱེས་ཆེན་དག་གིས་ཚུལ་ཇི་ལྟ་བུས་སངས་རྒྱས་ཀྱི་བསྟན་པ་སྤྱི་སྒོས་གཉིས་ལ་ཐུགས་འཁུར་བཞེས་པའམ་བཞེས་བཞིན་པ་ཟུར་ཙམ་ཡིན་ཡང་སྟོན་ཐུབ་ན་བསམས་པ་ཙམ་ཡིན།

དེའི་སྟབས་ཀྱིས། སྤྱི་ལོ་ 2022 ཟླ་ 2 ཚེས་ 24 ཉིན་ད་ལྟ་ཟབ་ཆོས་འདིའི་རྒྱུན་འཛིན་ཅིང་སྤེལ་བར་གཞོལ་བ་མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག་ལ་བཀའ་མོལ་ཞུས་པར་སྐུ་མགྲོན་དུ་ཞལ་བཞེས་གནང་། སྤྱི་ལོ་ 2022 ཟླ་ 2 ཚེས་ 25 ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་བཀའ་མོལ་ཞུས་པར་ཡང་ཞལ་བཞེས་གནང་། སྤྱི་ལོ་ 2022 ཟླ་ 2 ཚེས་ 26 ཉིན་ལ་དྭགས་མཚན་ཉིད་སློབ་གྲྭའི་ངེས་སྟོན་པ་ཟུར་པ་དགེ་བཤེས་དཀོན་མཆོག་དབང་འདུས་མཆོག་ལ་བཀའ་མོལ་ཞུས་པར་ཡང་དེ་བཞིན་ཞལ་བཞེས་གནང་།(འོན་ཀྱང་། དགེ་བཤེས་དཀོན་དབང་ལགས་རྗེས་སུ་ཕེབས་མ་ཐུབ།) སྤྱི་ལོ་ 2022 ཟླ་ 2 ཚེས་ 28 ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བཀའ་མོལ་ཞུས་པར་ཞལ་བཞེས་གནང་སྟེ་དེ་མ་ཐག་མཛད་རིམ་གྱི་ཁོངས་སུ་བཅུག །

ree

ཕྱག་དཔེ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་པ་ལ་དུས་ཡུན་དེ་ཙམ་མེད་སྟབས། བོད་ཀྱི་ལོ་སར་ལ་ཡང་མ་རོལ་བར་ཆུ་སྟག་ཟླ་ ༡ ཚེས་ ༡ སྤྱི་ལོ་2022 ཟླ་ 3 ཚེས་ 3 ཉིན་གྱི་ཞོགས་པ་ནས་དེབ་ཆུང་འདི་འབྲི་བའི་མགོ་བཙུགས་ཏེ་ཆུ་སྟག་ཟླ་ ༡ ཚེས་ ༨ སྤྱི་ལོ་ 2022 ཟླ་ 3 ཚེས་ 10 ཉིན་གྲུབ་པར་བྱས་ཏེ། བྲེལ་བ་ཆེན་པོའི་ངང་པར་བསྐྲུན་གྱི་མགོ་བཙུགས།

ནད་ཡམས་ཀྱི་རྐྱེན་པས་རྒྱལ་བའི་ཕོ་བྲང་གི་མཛད་གཙོ་རྣམས་བགྲོ་གླེང་དང་ཚོགས་འདུ་སོགས་ལ་མཉམ་ཞུགས་གནང་དཀའ་བས་སྙན་གསེང་ཞུ་མ་ཕོད་ཀྱང་། ཆོ་འཕྲུལ་ཟླ་བའི་ཚེས་ ༡༥ ཟླ་ 3 ཚེས་ 18 ཉིན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བཀའ་དྲིན་ཆེན་པོ་བསྐྱངས་སོང་བས། སྔར་བཞིན་བཀག་རྒྱ་མེད་པ་ཤེས་ཤིང་། ཕོ་བྲང་གི་དྲུང་ཆེ་ཞིག་སྐུ་མགྲོན་དུ་གདན་འདྲེན་ཞུ་ཐུབ་ན་སྙམ་པའི་བསམ་བློ་ཞིག་རང་བཞིན་གྱིས་འཁོར། དེ་ལྟར་སྤྱི་ལོ་ 2022 ཟླ་ 3 ཚེས་ 21 ཉིན་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་ལ་དངོས་མཇལ་གྱིས་གདན་ཞུའི་བཀའ་མོལ་ཞུས་པར་ཞལ་བཞེས་བཟང་པོ་གནང་།

སྤྱི་ལོ་ 2022 ཟླ་ 3 ཚེས་ 25 ཉིན་འཕགས་མཆོག་འཇིག་རྟེན་དབང་ཕྱུག་རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག་ལ། ཐོག་མར་ཀིརྟིའི་མཚན་ཞབས་རིན་པོ་ཆེའི་ཐུགས་རེ་ལམ་སྟོན་དང་དེའི་རྗེས་སུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་ནས་ལམ་སྟོན་བཀའ་སློབ་སྩལ་བ་ལྟར་ཡུན་རིང་འབད་པས་བསྒྲུབས་པའི་ལས་དོན་རྣམས་ལེགས་གྲུབ་བྱུང་བའི་སྙན་གསེང་དང་འབྲེལ་གུང་ཚིགས་ལྗགས་སྨིན་ཞིག་ཀྱང་འབུལ་བའི་སྐལ་བ་རྨད་དུ་བྱུང་བ་ཐོབ།སྤྱིར་ཁོ་བོ་རང་ཉིད་ནས་བོད་ཀྱི་བསྟན་སྲིད་ལ་ཕན་སྙམ་པའི་ལས་དོན་གང་ཞིག་བསྒྲུབས་ཀྱང་། དེ་ལ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བྱིན་རླབས་དང་། དཔལ་ལྡན་དམག་ཟོར་རྒྱལ་མོ་དང་གནས་ཆུང་ཆོས་རྒྱལ་ཆེན་པོ་གཉིས་ཀྱི་གྲོགས་འཕྲིན་ལས་བཅས་ཡོད་སྙམ་པའི་ཚོར་བ་ཞིག་རྟག་ཏུ་འབྱུང་།

ree

ལོ་རྙིང་གི་སྐབས་ནས་རོང་ཆེན་བསྟན་པའི་སྒྲོན་མེ་སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་རྡོ་རྗེ་གདན་དུ་ཟླ་ཤས་རིང་སྐུ་མཚམས་སུ་བཞུགས་པར་བརྟེན། མཛད་སྒོའི་སྟེང་གདན་འདྲེན་ཞུ་རྒྱུའི་སྤོབས་པ་མ་རྙེད་ཀྱང་། བཞུགས་སྒར་རྡ་རམ་ས་ལར་ཕེབས་བཞིན་པ་ཤེས་འཕྲལ་གདན་འདྲེན་གྱི་སྙན་ཞུ་བྲིས་ཏེ་སྤྱི་ལོ་ 2022 ཟླ་ 3 ཚེས་ 26 ཉིན་ཕུལ་བ་ལ་ཞལ་བཞེས་ཟབ་མོ་ཐོབ།

དེ་ལྟར་བྱེད་དགོས་པ་རྣམས་ལ་ཅུང་ཟད་ཞིབ་ཚགས་ཀྱི་ལམ་ནས་བསམ་གཞིག་དང་གོ་སྒྲིག་ཞུས་ཏེ་སྤྱི་ལོ་ 2022 ཟླ་ 4 ཚེས་ 1 ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠ པའི་སྟེང་། (གོང་གསལ་ཞལ་བཞེས་ཐོབ་པའི་སྔ་ཕྱིའི་རིམ་པ་ལྟར་བཀོད་ན།) བསྟན་པའི་གསལ་བྱེད་ཆེན་པོ་མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག །དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག །དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག །སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་བཅས་ཕེབས་ཏེ་མཛད་སྒོ་གཟབ་རྒྱས་ངང་ཚོགས།

དེ་ལྟར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་མཐོ་ཤོས་གཉིས་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ། བླ་ཆེན་རྣམ་པ་གཉིས་བཅས་མཛད་བྲེལ་གྱི་བར་ནས་ཕེབས་ཏེ་གསུང་བཤད་ཟབ་རྒྱས་གནང་བ་དང་། མི་རིགས་སྣ་ཚོགས་འདུས་པའི་ཚོགས་ཞུགས་པ་མང་དུ་བྱུང་བ། དྲ་ངོས་ནས་གསན་གཟིགས་གནང་མཁན་དང་ཐད་གཏོང་བརྒྱུད་སྤེལ་གནང་མཁན་ཧ་ཅང་མང་བ་སོགས་ཐོག་མའི་དམིགས་དོན་ལས་ཆེས་ཆེར་ལྷག་པ་བྱུང་།

མཛད་སྒོ་གྲོལ་མ་ཐག་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སོགས་སྐུ་མགྲོན་དང་ཟུར་ཉན་པ་འགའ་ཞིག་གིས་མཇལ་དར་དང་ལག་རྟགས་གནང་བ་སོགས་ཐུགས་ལ་དགྱེས་པ་ཆེན་པོ་འཁྲུངས་པའི་རྣམ་པ་གསལ་བར་མངོན་ཞིང་། ཐག་ཉེ་རིང་སྣ་ཚོགས་སུ་བཞུགས་པའི་ངོ་ཤེས་དང་གྲོགས་པོ་ཚོས་ཀྱང་ལས་དོན་ལེགས་གྲུབ་བྱུང་བ་ལ་རྟེན་འབྲེལ་གྱི་ཤིས་ཚིག་བསྐུར་ནས་འབྱོར། དེ་མཚུངས་བསྔགས་བརྗོད་དང་ཡི་རངས་ཀྱི་རྣམ་འགྱུར་སྒོ་སྣ་ཚོགས་ནས་སྟོན་མཁན་ཡང་མང་དུ་བྱུང་སོང་ལ། རང་ངོས་ནས་ཀྱང་སྤྱི་ལོ་ 2006 ལོར་ལས་མགོ་བཙུགས་པའི་ལས་གཞི་ཆེན་པོ་ཞིག་ད་གཟོད་ལེགས་གྲུབ་བྱུང་བ་ལ་དགའ་བ་ཚད་མེད་སྐྱེས།མཛད་སྒོ་གྲུབ་པ་དང་ལས་དོན་ལེགས་གྲུབ་ཀྱི་དགའ་སྟོན་མཚོན་སླད་སྐུ་མགྲོན་རྣམས་རྡ་ས་ཆོས་ནོར་གསོལ་མགྲོན་ཁང་དུ་གདན་ཞུས་ཀྱིས་ཟས་སྟོན་གསོལ་ཚིགས་ཕུལ།

ree

ད་ལྟའི་དུས་འདིར་ལས་དོན་གང་ཞིག་བསྒྲུབས་ཀྱང་། སྔོན་དང་མི་འདྲ་བར་ལས་གཞི་ལ་དཔག་པའི་འགྲོ་གྲོན་ཆེ་བར་བརྟེན། ཧྥ་རན་སིར་བཅའ་བཞུགས་རྐྱང་ཚ་ཚུལ་ཁྲིམས་ལགས་དང་། རྐྱང་ཕྲུག་གྲགས་པ་ལགས། སྦེལ་ལྗམ་དུ་བཅའ་བཞུགས་ཚེ་བྷོ་ལགས་བཅས་ནས་འགྲོ་གྲོན་གྱི་འགན་གཙང་བཞེས་གནང་སོང་བར་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་། ཨི་ཊ་ལིའི་བུད་མེད་ཡེ་ཤེས་སྒྲོལ་དཀར་ལགས་ནས་རམ་འདེགས་ཆེན་པོ་གནང་བ། ཚོང་རུ་སེང་གེ་ལགས་དང་ལྷ་བྲིས་པ་སྒྱིས་ཚང་སྐལ་བཟང་ལགས་གཉིས་ནས་མཛད་སྒོའི་གྲ་སྒྲིག་ལ་རོགས་ཕན་ཆེན་པོ་གནང་སོང་བ། མཛད་སྒོའི་སྐབས་ཉིད་དུ་འབྲོག་རུ་ཆོས་དར་ལགས་དང་དོན་འགྲུབ་སྐྱིད་ལགས། བདེ་ཆེན་སྒྲོལ་མ་ལགས། འབྲུག་མཚོ་ལགས་བཅས་ཀྱིས་རོགས་རམ་གནང་སོང་བ་སོགས་ལ་ཆབས་ཅིག་ཏུ་བཀའ་དྲིན་ཆེ་ཆེ་ཆེ་ཞེས་བཅོས་མིན་དུ་ཞུ།

ree

སྤྱི་ལོ་ 2022 ཟླ་ 4 ཚེས་ 3 ཉིན་བཞུགས་སྒར་རྒྱལ་བའི་

ཕོ་བྲང་གི་ཉེ་འདབས་གཡར་ཁང་ཉི་འོད་འཁྱིལ་བ་ནས་

ཤེས་རབ་དར་རྒྱས་ཀྱིས།

 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

Comments


Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page