དེ་རིང་འདི་འདྲ་ཞིག་དྲན་སོང་་་་་
- ཤེས་རབ་དར་རྒྱས། Sherab Dharge
- Feb 22, 2022
- 1 min read
Updated: Feb 23, 2022
•དེ་རིང་ནི་སྤྱི་ལོ་ 2022 ཟླ་ 2 ཚེས་ 22 རེད། 2022222 ཅན་གྱི་གྲངས་ཀ་འདི་རྣམས་ཚང་བ་ཡང་ཡང་མི་ཡོང་། འདི་ལྟ་བུའི་དུས་སྐབས་དམིགས་བསལ་བ་ལ་བསམ་བློ་ཡང་གཞན་ཞིག་གཏོང་བསམས་པ་ཙམ་ཡིན། ཧཧཧ་་་་་་

•གཤམ་དུ་བཤད་པ་རྣམས་གོ་རིམ་མེད་ཅིང་གཞུང་ལུགས་སམ་ཆེད་ལས་ཀྱི་བརྡ་ཆད་མ་སྤྱད་པར་ཁ་བརྡའི་ཚུལ་གྱིས་རགས་བཤད་བྱས་པ་ཙམ་ཡིན།
•ད་ལྟ་འུ་ཅག་བཙན་བྱོལ་དུ་རྩོམ་སྒྲིག་པ་ཚད་ལྡན་ནམ་རྩོམ་སྒྲིག་ཆེད་ལས་པ་སྐོར་ཞིག་ངེས་པར་དུ་མཁོ་བས། དེ་རིང་སླར་ཡང་བསམ་གཞིག་ཅིག་བྱེད་དགོས་བྱུང་སོང་།
གཅིག། སྤྱི་བཤད།
རྩོམ་སྒྲིག་ནི། བརྩམས་ཆོས་གང་ཞིག་སྤྱི་ཚོགས་སུ་མ་བཀྲམ་གོང་གི་བྱ་བ་ཁག་ཤོས་དང་གལ་འགངས་ཆེ་ཤོས་དེ་རེད། རྩོམ་སྒྲིག་མ་བྱས་པའི་བརྩམས་ཆོས་ཤིག་ཡིན་ན། དེའི་ཟ་ཟུར་དུ་སྐྱོན་ཆ་མང་པོ་ཞིག་ལྷག་ཡོད།
•གསར་རྩོམ་དང་རྩོམ་སྒྲིག་གི་བྱ་བ་གཉིས་ཀ་སྒྲུབ་མྱོང་བ་ཞིག་གིས་བལྟས་ན། རྩོམ་སྒྲིག་མ་བྱས་པའི་བརྩམས་ཆོས་ཀྱི་ཞན་ཆ་དང་ནོར་འཁྲུལ་གཉིས་ཅིག་ཅར་དུ་མཐོང་ཐུབ།
•རྩོམ་པ་པོའི་དཀའ་ཚེགས་དང་པར་སྐྲུན་གྱི་འགྲོ་གྲོན། འགྲེམ་སྤེལ་གྱི་རྒྱུ་ཚེགས་བཅས་ལ་བསམས་ན། རྩོམ་སྒྲིག་མ་བྱས་པའི་བརྩམས་ཆོས་ལ་ཕངས་སེམས་ཚད་ལས་བརྒལ་བ་སྐྱེ། •ཡི་གེའི་ཆད་ལྷག་སྣོན་འཕྲི་དང་ཡིག་ནོར་དག་བཅོས་བྱེད་པ་ཙམ་ཞིག་རྩོམ་སྒྲིག་གི་བྱ་བར་འདོད་མཁན་ཡོད་མོད། རྩོམ་སྒྲིག་ནི་དེ་ལྟའི་ལས་སླ་མོ་ཞིག་དང་སྟབས་བདེ་པོ་ཞིག་མ་རེད། •རྩོམ་སྒྲིག་བྱེད་པའི་བྱ་བ་གཙོ་བོ་ནི། ཚིག་གི་སྦྱོར་བ་དང་། དོན་གྱི་བསྟན་རིམ། དོན་ཚན་མཚམས་འབྱེད། འགལ་འདུ་གཙང་སེལ། དོན་ནོར་ཡོ་བསྲང་། ད་དུང་ཚིག་ལ་སྙན་ཆ་འདོན་པ། ཐ་སྙད་གཅིག་གྱུར་བཟོ་བ། ཆད་ལྷག་ལ་སྣོན་འཕྲི་བྱེད་པ། ཚིག་ནོར་བཅོས་ཤིང་ཚིག་དོན་གོང་འོག་བརྗེས་ཏེ་བསྟན་དོན་མི་འཆོལ་བར་བྱེད་པ་སོགས་ཏེ། དོ་སྣང་བྱེད་དགོས་ས་ཧ་ཅང་མང་ལ། ལས་ཚེགས་ཀྱང་ཤིན་ཏུ་ཆེ།
གཉིས། རྩོམ་སྒྲིག་བྱ་ཡུལ།
གང་ལ་རྩོམ་སྒྲིག་བྱེད་པའི་བརྩམས་ཆོས་གཙོ་བོ་ནི། པར་སྐྲུན་མ་བྱས་པའི་བརྩམས་ཆོས་རྣམས་ཡིན། དེ་ལ་རྩོམ་པ་པོ་འཚོ་ཞིང་གཞེས་པ་དང་། འཚོ་ཞིང་མི་གཞེས་པ་གཉིས་ཀ་ཡོད། རྩོམ་པ་པོ་འཚོ་ཞིང་མི་གཞེས་པ་ཚོའི་བརྩམས་ཆོས་པར་སྐྲུན་མ་བྱས་པ་རྣམས་ལ་རྩོམ་སྒྲིག་བྱེད་ཆོག་ལ། གལ་ཏེ་རྩོམ་སྒྲིག་བྱེད་མ་ཐུབ་ཀྱང་། ཞུས་དག་ནི་ཚད་ལྡན་གཏོང་དགོས་པ་ཡིན།
གོང་གི་ཚིག་གཅིག་བརྗེད་པར་བྱས་ཏེ་ཡང་གཅིག་བསམས་ན། རྩོམ་པ་པོ་འཚོ་ཞིང་གཞེས་པའི་བརྩམས་ཆོས་ལ་ཡང་གཉིས་ཡོད། གསར་དུ་བརྩམས་ཏེ་པར་སྐྲུན་མ་བྱས་པ་དང་། པར་སྐྲུན་ཐེངས་གཅིག་གམ་དེ་ལས་མང་བར་བྱས་ཟིན་ཀྱང་། རྩོམ་པ་པོས་དེ་ཉིད་ལ་ཁ་གསབ་དང་། ཉུང་འཕྲི། བཟོ་བཅོས། རྩོམ་གཤིས་ཇེ་ལེགས་སུ་གཏོང་འདོད་པ་སོགས་བྱུང་ཚེ་རྩོམ་སྒྲིག་བྱེད་ཆོག།
གསུམ། རྩོམ་སྒྲིག་བྱེད་མི་རུང་བ།
རྩོམ་པ་པོ་འཚོ་ཞིང་མི་གཞེས་པའི་བརྩམས་ཆོས་པར་སྐྲུན་བྱས་ཟིན་པ་རྣམས་ལ་རྩོམ་སྒྲིག་བྱེད་མི་རུང་།
ད་དུང་ཡོད་ཀྱང་མི་འབྲི།
སྔོན་ཞིག་ལ་འདི་འདྲ་ཞིག་ཀྱང་བྲིས་ཡོད།
“ལར་ནས་མཁས་པ་མཁྱེན་རྒྱ་ཅན་དག་གིས་གསལ་བར་གསུངས་ཤིང་རང་གི་མྱོང་བས་ཀྱང་ཡང་ཡང་གྲུབ་པ་ལྟར་རང་གིས་བྲིས་པའི་སྐྱོན་རྣམས་རང་གི་མིག་གིས་མཐོང་དཀའ་བས། རྩོམ་པ་པོ་དང་ལོ་ཙཱ་བ་དང་དཔར་ཁང་བཅས་ཀྱིས་རྩོམ་སྒྲིག་པ་ཚད་ལྡན་དག་ལ་ཕུགས་རེ་ཟབ་མོ་བཅོལ་ཡོད་པ་དངོས་འབྲེལ་རེད།
སྤྱིར་རྩོམ་སྒྲིག་པ་ལ་འགན་དབང་དང་དཀའ་ཚེགས་གཉིས་ཀ་ཆེ། ཤེས་མྱོང་ནི་དེ་བས་ཀྱང་སྨོས་ག་ལ་དགོས། དེང་རབས་རྩོམ་སྒྲིག་པ་ཞིག་བྱེད་དགོས་ན། བརྡ་སྤྲོད་ལ་མཁས་པ་དང་། ཐ་སྙད་ཀྱིས་ཕྱུག་པ། ཚིག་ཉམས་འདོན་ཤེས་པ། བརྗོད་གཞི་སྣ་ཚོགས་ལ་རྒྱུས་ཆེ་བ། ཕྱི་ནང་གི་གནས་ཚུལ་ཤེས་པ། དཀའ་ངལ་ལ་བསྲན་ཚུགས་པ། འཁྲུལ་བ་སེལ་བའི་སྤོབས་པ་ལྡན་པ། དོགས་པ་སློང་བའི་སྤྱང་གྲུང་འཛོམས་པ།བསམ་ཚུལ་འདོན་པའི་ལྷག་བསམ་དག་པ། ཀློག་མཁན་ལ་དམིགས་ཐུབ་པ། སྤྱི་ལུགས་ལ་བསྟུན་མཁས་པ། རང་ལྟ་མཆོག་འཛིན་དང་རྙིང་པ་ཁོ་ན་མཁྲེགས་འཛིན་མི་བྱེད་པ་བཅས་ནི་འོས་ཆོས་གཙོ་བོ་དག་རེད། འོན་ཀྱང་། སྐབས་བབ་ཀྱི་དོན་བྱེ་བྲག་པ་རེ་ཟུང་ལ་དེ་དག་ཐམས་ཅད་འཛོམས་མི་དགོས་པ་ནི་རང་ཅག་གིས་ལོས་ཤེས།
རྩོམ་པ་པོ་དང་ལོ་ཙཱ་བས་མ་ཐོན་སར་རྩོམ་སྒྲིག་པས་སྒྲུབ་དགོས་པ་ནི། ༡། ཡིག་ནོར་གྱི་རྗེས་བཅད་དེ་ཡོ་བསྲང་བྱེད་པ། ༢། ཡིག་འབེབས་ཀྱི་མཚམས་མ་ནོར་བར་ངོས་འཛིན་པ། ༣། སྤྱི་དང་བྱེ་བྲག་གི་འགྲོ་ལུགས་གཅིག་གྱུར་ཡོང་མིན་ལ་བརྟག་པ། ༤། བརྡ་ཆད་དམ་ཐ་སྙད་ཚད་ལྡན་དུ་བྱེད་པ། ༥། སྐབས་དོན་དང་འཚམས་པའི་རྗོད་ཚིག་ནུས་པ་ཅན་འཚོལ་བ། ༦། ཚིག་གི་ལྷག་མ་ཕྱུང་སྟེ་རྗོད་པ་ཚགས་དམ་པར་བྱེད་པ། ༧། ཚིག་གི་ཆད་པ་བསྐངས་ཏེ་དོན་གསལ་བར་བྱེད་པ། ༨། དགོས་པ་ལྷག་པོ་མེད་པའི་ཟློས་སྐྱོན་སྤོང་བ། ༩། ཚིག་གི་སྦྱོར་མཚམས་དང་དོན་གྱི་འབབ་སོ་ཚུལ་བཞིན་དུ་སྒྲིག་པ། ༡༠། ཚིག་དོན་གྱི་གོ་ས་བརྗེས་ཏེ་གོ་བ་བདེ་བླག་ཏུ་སྟེར་བར་བྱེད་པ། ༡༡། བརྗོད་པ་རིང་ཐུང་གི་མཚམས་རན་པར་འཛིན་པ། ༡༢། བསྒྲུབ་བྱ་སྒྲུབ་བྱེད་ཀྱི་གོ་རིམ་མ་འཆོལ་བར་སྒྲིག་པ། ༡༣། ཚིག་དོན་གཉིས་གཏན་ཚིགས་དང་མི་འགལ་བར་བྱེད་པ། ༡༤། བརྗོད་དོན་གྱི་གལ་གནད་གཙོ་བོ་དཀར་ཆག་ཏུ་འདུས་པར་བྱེད་པ། ༡༥། ཆུ་མོ་ལྷོད་ཀྱིས་བཞུར་བ་ལྟར་ངོས་འཇམ་ཞིང་དཀྱུས་གཅིག་ཏུ་སྦྲེལ་བའི་རྣམ་པ་མངོན་གསལ་དུ་བྱེད་པ་བཅས་ཏེ། དེ་དག་ཐམས་ཅད་ནི་འབོར་དུ་མི་རུང་བའི་བྱ་བ་གལ་ཆེན་རྣམས་རེད།” ཅེས་སོ།།
མདོར་ན། ངས་རྩོམ་སྒྲིག་པ་ཚད་ལྡན་འགའ་ཞིག་འབྱུང་བར་རེ་ཡོད་ལ། དེའི་ཕྱོགས་སུ་འབད་བརྩོན་ཅུང་ཙམ་ཡང་བྱེད་བསམས་ནས་ཡོད།
Comments