ད་ལོའི་ངའི་འོས་མི་སུ་ཡིན་ཨེ་ཤེས།
- ཤེས་རབ་དར་རྒྱས། Sherab Dharge
- Dec 22, 2020
- 1 min read
—འོས་འཕེན་གཞོན་པ་རྣམས་ལ་སྤྲིངས་པ།

སུ་དང་གང་ལ་འོས་འཕེན་མི་འཕེན་དང་། སུ་དང་གང་ལ་དག་པ་བསྟེར་མི་བསྟེར་ནི་རང་དབང་ཡིན།
•ད་ལོ་ང་རང་ཉིད་ལ་དབང་བའི་འོས་ཤོག་གཅིག་པུ་དེ་སྲིད་སྐྱོང་འོས་མི་"སྲིད་ཇུས་"ལགས་ལ་འབུལ་རྒྱུ་ཡིན་པས། གྲོགས་པོ་"སྲིད་བྱུས་"ལགས་ལ་དགོངས་པ་མ་འཚོམས་ཟེར་བ་ཡིན།
•བོད་ཁམས་ཀྱི་ས་ཆ་མང་པོར། སྲིད་བྱུས་དང་སྲིད་ཞུས་གཉིས་ཀྱི་སྒྲ་བར་ཐག་ཉེ་ལ། སྲིད་བྱུས་ཞེས་པ་སྲིད་ཙུས་ཞེས་པ་ལྟ་བུར་ཀློག་མཁན་ཡང་ཡོད།
•ཡུལ་ལུང་འགའ་ཞིག་ཏུ་བྱུས་དང་ཇུས་གཉིས་སྒྲ་མཚུངས་ཡིན་ཡང་། གཞན་རྣམས་ཀྱིས་བྱུས་ཞེས་པ་ཇུས་དང་མཚུངས་པར་མི་ཀློག།
•མདོ་དབུས་ཁམས་གསུམ་གྱི་མི་ཀུན་གྱིས། ཤོག་ངོས་སུ་མ་བལྟས་པར་སྐད་ཆ་ཤོད་པའི་ཚེ། སྲིད་ཇུས་ལ་སྲིད་ཇུས་ཟེར་བ་ལས། སྲིད་བྱུས་ཏེ་སྲིད་ཞུས་ལྟ་བུར་ཟེར་མཁན་མེད།
•བོད་དུ་ཤེས་ཡོན་གྱི་རྨང་བཏིང་ཟིན་པའི་ཤེས་ཡོན་པ་སྤྱི་དང་། ལྷག་པར་དུ། བོད་ནང་དུ་བརྡ་དག་སྦྱངས་ཟིན་པའི་བོད་ཤར་ཕྱོགས་པ་ཚོས་“སྲིད་བྱུས་”ཞེས་ནམ་ཡང་མི་འབྲི། དེ་ལྟར་འབྲི་བ་དག་གིས་ཤེས་ཡོན་གྱི་རྨང་གཞི་བཙན་བྱོལ་དུ་བཏིང་བ་མངོན་གསལ་ཡིན།
•གལ་ཏེ་སྲིད་ཇུས་ཞེས་པ་ངག་ནས་རྗོད་པའི་ཚེ་"སྲིད་ཞུས་"ཞེས་པ་ལྟ་བུའི་སྒྲ་རྗོད་མཁན་ཡོད་ན། "སྲིད་བྱུས་"ཞེས་འབྲི་བ་འགྲིག་ཙམ་ཡིན་ཡང་། དེ་ལྟར་རྗོད་མཁན་མེད་པའི་སྟེང་ནས་བལྟས་ན། ཡིག་ངག་གཉིས་སུ་སྲིད་ཇུས་ཞེས་འབྲི་ཞིང་ཤོད་པ་དེ་ཉིད་དག་པ་ཡིན་པར་མཐོང་།
•དེེས་ན། སྲིད་བྱུས་མ་རེད་སྲིད་ཇུས་ཡིན། ཐབས་བྱུས་མ་རེད་ཐབས་ཇུས་ཡིན། ཐེ་བྱུས་མ་རེད་ཐེ་ཇུས་ཡིན། བྱུས་གཏོགས་མ་རེད་ཇུས་གཏོགས་ཡིན།
•མདོར་ན། ཚིག་མཛོད་དག་གིས་ཇུས་དང་བྱུས་གཉིས་དོན་གཅིག་ཏུ་འགྲོ་བའི་སྐབས་ཡོད་པར་བཤད་པ་མ་དག་རྒྱུན་འབྱམས་གཙིགས་སུ་བཟུང་བ་ཙམ་ལས་གཞན་ཅང་མ་རེད་སྙམ་སྟེ། སྲིད་སྤྱི་གཉིས་ཀྱི་འོས་འཕེན་པ་ལ་འུར་བཞིན་པའི་སྐབས་འདིར། བྱུས་དང་ཇུས་གཉིས་བཤད་ན་འཕྱ་སྲིད་མོད། དོ་སྣང་བྱེད་ས་གཙོ་བོ་ནི་འདི་ལྟ་བུ་དག་ཡིན་པས། དགོངས་པ་མ་འཚོམས་ཞུ་རྒྱུ་ཡིན།
•འཁྲུལ་གཞི་དངོས་ནི། ཡུལ་ལུང་འགར་བྱུས་དང་ཇུས་གཉིས་སྒྲ་ཐག་ཉེ་བར་འདོན་པ་དེ་རེད། དེས་ན། ད་ལོ་ནས་རང་གི་སྲིད་སྐྱོང་འོས་མི་དེ་མ་ནོར་བ་ཞིག་ཡོང་བ་ལ་འབད་གལ་ཆེའོ།།
•མཐའ་དོན། ཁོ་བོ་ནི་ཇུས་ལ་དགའ་བས། “སྲིད་ཇུས་”ལ་འོས་འཕེན་རྒྱུ་ཡིན་ལ། “ཇུས་ལན་ཇུས་ཀྱིས་འཇལ་”ཟེར་བ་ལས་”བྱུས་ལན་བྱུས་ཀྱིས་འཇལ་”མི་ཟེར་བ་དང་། “ཇུས་འགོད་པ་”ཟེར་བ་ལས་”བྱུས་འགོད་པ་”མི་ཟེར་བ་སོགས་ཀྱང་གཞོན་པ་ཚོས་ཡིད་ལ་ཟུངས་ཤིག་གུ།
འདིར་ཀློག་པའི་དཀའ་ངལ་འདུག་་་ཡི་གེ་ཆ་ཚང་ཞིག་འཆར་གི་མི་འདུག་ལགས།