top of page
Search

ཕྱིར་བསྣུར་མ་བྱས་པའི་གོམ་སྟབས།

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Dec 5, 2020
  • 1 min read

—དཔེ་དེབ་འགྲེམ་སྤེལ་དང་འབྲེལ་བའི་ངོ་སྤྲོད།

ree

གཞོན་དུས་ཀྱི་འཚར་ལོངས་དང་ཤེས་ཡོན་སློབ་གསོ་ཐོབ་ཚུལ་སོགས་ལ་བརྟེན་ནས་མི་རྣམས་ཀྱི་ད་ལྟའི་འཚོ་བའི་གནས་བབ་ཕལ་མོ་ཆེ་རང་བཞིན་གྱིས་ཐག་ཆོད་ཡོང་བ་ལྟར།མི་རིགས་ཐམས་ཅད་ཀྱི་ད་ལྟའི་གནས་བབ་ཕལ་མོ་ཆེ་ཡང་མི་རིགས་དེའི་ཉེ་རབས་ཀྱི་ལོ་རྒྱུས་ལ་བརྟེན་ཡོད་པ་དང་། འབྱུང་འགྱུར་གྱི་འཚོ་གནས་ཀྱང་ད་ལྟའི་གནས་བབ་ཀྱིས་ཐག་ཆོད་པ་རྒྱུ་འབྲས་རྟེན་འབྲེལ་གྱི་བཀོད་སྒྲིག་ངོ་མ་དེ་རེད། འདི་ལྟར་གནས་ལུགས་ཀྱི་ཉེ་སར་བཅར་ཏེ་བལྟས་ན། མི་རིགས་དེའི་མ་འོངས་པའི་གནས་བབ་ཐག་གཅོད་བྱེད་པ་ལ་ཉེ་རབས་ཀྱི་ལོ་རྒྱུས་མ་ནོར་བར་ཤེས་དགོས་པའི་རྒྱུ་མཚན་རྣམས་གསལ་བར་མཐོང་ཐུབ།

རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུའི་གཅེན་པོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་ནས་བོད་ཀྱི་ལོ་རྒྱུས་སྤྱི་དང་། ལྷག་པར་དུ། རྒྱལ་བ་པཎ་ཆེན་སྐུ་གོང་མ་དག་གི་སྐབས་སུ་བྱུང་བའི་ཉེ་རབས་བོད་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་བྱེད་དགོས་ཚུལ་ཡང་ཡང་བཀའ་གནང་བ་དང་། བོད་ཀྱི་དེབ་ཐེར་ཁག་ཏུ་ཡོངས་གྲགས་སུ་མ་གྱུར་པའི་ལོ་རྒྱུས་དམིགས་བསལ་བ་འགའ་ཞིག་<<ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་>>ཞེས་པའི་ནང་གསུངས་པ་དེས་ངེད་ཅག་གི་བློ་སྒོ་ཆེན་པོར་ཕྱེ་ཞིང་། ངེད་ཅག་ལོ་རྒྱུས་ཞིབ་འཇུག་གི་ལས་ཀ་འདིར་འཇུག་པ་ལ་སྐུལ་འདེད་ཀྱང་ཆེན་པོ་བྱས།

ree

སྤྱི་ལོ་ 2018 ལོར་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐད་གྲགས་ཅན་<<ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་>>ཞེས་པ་དེ་ཉིད་འགྲེམ་སྤེལ་གནང་བའི་སྔ་གཞུག་ཏུ་ངེད་ཅག་ལན་དུ་མར་སྐུ་ངོ་ས་དབང་ཆེན་མོའི་དྲུང་དུ་བཅར་ཏེ་བཀའ་སློབ་ལམ་སྟོན་ཡང་ཡང་ཞུས་ཤིང་བསམ་གཞིག་ཀྱང་ཡུན་རིང་བྱས། མཐར། ཉེ་རབས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཏེ་ལོ་རྒྱུས་དོན་རྐྱེན་གྱི་གནད་དོན་གཙོ་བོ་རྣམས་གང་ནུས་ཅི་ལྕོགས་ཀྱིས་གསལ་པོ་བཟོ་བ་ལ་ཅིས་ཀྱང་འབད་བརྩོན་བྱེད་སྙམ་པའི་ཆོད་སེམས་བརྟན་པོ་སྐྱེས།

དེ་ལྟར་ངེད་ཅག་ལ་སེམས་ཤུགས་སམ་བློ་སྤོབས་བསྟུད་མར་འཕེལ་བ་ལ་བརྟེན་ནས།སྤྱི་ལོ་ 2018 ཟླ་ 10 ཚེས་ 13 ཉིན་མཁས་མྱོང་གཉིས་ལྡན་གྱི་གཟུར་གནས་ལྷག་བསམ་ཅན་ཅི་མང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུ་གདན་འདྲེན་ཞུས་ཏེ། “སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་བརྩམས་ཆོས་དབྱེ་ཞིབ་ཀྱི་བགྲོ་གླེང་”ཞེས་པའི་བརྗོད་ཚིག་འོག་<<ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་>>ཞེས་པའི་དཔེ་དེབ་ཐོག་“བརྩམས་ཆོས་དབྱེ་ཞིབ་”ཀྱི་བགྲོ་གླེང་གནང་། དེ་ནི་བཙན་བྱོལ་དུ་“བརྩམས་ཆོས་དབྱེ་ཞིབ་”ངོ་མ་ཞིག་གནང་བ་ཐོག་མ་དེ་ཡིན།

བརྩམས་ཆོས་དབྱེ་ཞིབ་དེའི་ལས་མཇུག་ཡོངས་སུ་བསྡུས་ཏེ་སྤྱི་ལོ་ 2019 ཟླ་ 11 ནང་<<ཡོ་བ་བསྲངས་ཤིང་གབ་པ་ཕྱུང་བའི་ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ་>>ཅེས་བྱ་བའི་དཔེ་དེབ་སྟོད་སྨད་གཉིས་ཅན་འདི་འབྲི་བའི་མགོ་བརྩམས། སྤྱིར་ཤོག་ངོས་ ༥ ཅན་གྱི་རྩོམ་ཡིག་ཙམ་ཞིག་འབྲི་དགོས་ན་ཡང་དཀའ་ཚེགས་ཆེ་བ་སྨོས་མེད་ཡིན། དེ་ལྟར་ན། ཞིབ་འཇུག་གི་ལམ་ནས་ཤོག་ངོས་ ༡༢༠༠ ལྷག་ཅན་གྱི་དཔེ་དེབ་སྟོད་སྨད་འབྲི་བ་ནི་དཀའ་ཚེགས་མེད་པའི་ལས་ཀ་ཞིག་མ་རེད། འོན་ཀྱང་། ངེད་ཅག་སུས་ཀྱང་དཀའ་ཚེགས་རྣམས་དཀའ་ཚེགས་སུ་མ་མཐོང་བར་རང་རང་སོ་སོའི་ལས་དོན་དང་འགན་འཁུར་རྣམས་དགའ་བས་དང་དུ་བླངས་ཏེ་འབད་པ་བྱས་པར་མ་ཟད།འབད་པའི་འབྲས་བུར་དཔེ་དེབ་སྟོད་སྨད་གཉིས་ཅན་འདི་ཀློག་མཁན་གྱི་སྤྱན་ལམ་དུ་བསྟར་ཐུབ་པ་ལ་དགའ་བ་ཆེས་ཆེར་བསྒོམས་ནས་ཡོད།

གསལ་པོར་ཞུས་ན། དཔེ་དེབ་འདི་འབྲི་བའི་ལས་ཀའི་མགོ་ནས་མཇུག་གི་བར་དུ་རྟིང་སྐུལ་དང་མཐུན་འགྱུར་སྦྱོར་མཁན་དངོས་ནི། སྒྱིས་ཚང་བ་ལྷ་བྲིས་སྐལ་བཟང་དམ་ཆོས་དང་། ཧོར་གཙང་བ་ནམ་མཁའ་བསྟན་འཛིན། སྣང་ར་བ་རྟ་བྷེ་བཅས་ཡིན་ལ། ལོ་རྒྱུས་ཞིབ་འཇུག་གི་བྱ་བ་དང་ཞིབ་འཇུག་གི་གྲུབ་དོན་ཡི་གེར་འགོད་པའི་ལས་ཀ་དངོས་སུ་སྒྲུབ་མཁན་ནི་ཉམས་ཞིབ་རྩོམ་པ་པོ་ཤེས་རབ་དར་རྒྱས་བདག་ཡིན།

དེ་ལྟར་ཡིག་ཆ་གསར་རྙིང་གཉིས་དང་། བོད་ཡིག་དང་དབྱིན་ཡིག་ནང་བྲིས་པའི་དཔེ་དེབ་སྣ་ཚོགས། བཀའ་སློབ་དང་གསུང་བཤད་ཅི་རིགས། མི་རྒན་རྣམས་ལ་དྲི་བ་ཞུས་པའི་དྲིས་ལན་སོགས་ཏེ། མདོར་ན། དཔྱད་གཞི་མི་འདྲ་བ་ ༢༠༠ ལྷག་ལ་དབྱེ་ཞིབ་བྱས་ཏེ་དེང་རབས་ཞིབ་འཇུག་གི་ལམ་ནས་བྲིས་པའི་དཔེ་དེབ་སྟོད་སྨད་འདི་གཉིས་ལ་ཤོག་ངོས་༡༢༠༠ ལྷག་ཡོད་ཅིང་། ཤོག་བུའི་གཤམ་དུ་ཞབས་མཆན་ ༡༣༧༠ ལྷག་བཀོད་དེ་ཀློག་མཁན་རྣམས་ལ་གཟིགས་བདེ་ཞིང་འཚོལ་སླ་བར་བྱས་ཡོད་པར་མ་ཟད། དཔྱད་གཞི་༢༠༠ ལྷག་གི་མཚན་བྱང་ཡང་དཔེ་དེབ་ཀྱི་མཇུག་ཏུ་བཀོད་ཡོད།

བོད་ཀྱི་དེབ་ཐེར་དང་དཔྱད་ཡིག་མང་པོས་ཉེ་རབས་བོད་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གཅིག་ཉིད་བཟུང་སྟེ་བསྐྱར་ཟློས་ཡང་ཡང་གནང་ཡོད་ནའང་། དཔེ་དེབ་འདིའི་ནང་དུ་རྨོངས་ཞེན་དང་ཨུ་ཚུགས་མ་བྱས་པར་ཞིབ་འཇུག་གི་རྩ་དོན་གཙོ་གནད་དུ་བཟུང་ནས་ལོ་རྒྱུས་དོན་རྐྱེན་ཀྱི་གནད་དོན་ངོ་མ་རྣམས་རྙེད་ཐབས་བྱས་ཡོད་པ་ལས། ཕྱོགས་གཅིག་གི་བཤད་རྒྱུན་ཁོ་ན་གཙིགས་འཛིན་བྱས་མེད་ལ། ཉེ་རབས་བོད་ཀྱི་ལོ་རྒྱུས་ཀྱི་ལྟ་ཚུལ་ལ་ཁ་ཕྱོགས་གསར་པ་ཞིག་ཀྱང་རྙེད་ཐུབ་ཡོད་སྙམ་པའི་སྤོབས་པ་ཆེས་ཆེར་སྐྱེས་ཡོད། དེས་ན། ཀློག་མཁན་དག་གིས་གནད་དོན་འདི་ནམ་ཡང་འཆོར་མི་རུང་ལ། ཞིབ་འཇུག་གི་གྲུབ་དོན་གཏན་ལ་ཕབ་པའི་གནད་ཀ་ཆེ་ཆུང་རྣམས། དཔེ་དེབ་ཧྲིལ་པོ་དང་། ཚན་པ་དང་ཡིག་ཕྲེང་རེ་རེ། ཐ་ན། ཚེག་བར་རེ་གཉིས་ཀྱི་བར་ནས་ཀྱང་རྙེད་དུ་ཡོད་པས། ཞིབ་འཇུག་གི་དཔྱད་དེབ་ཀློག་ཤེས་དགོས་པ་གནད་ཀྱི་དོན་པོ་ཡིན།

ree

དཔེ་དེབ་སྟོད་སྨད་འདི་གཉིས་ཀྱི་གླེང་བྱ་ནི། ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ནང་གི་གླེང་སློང་དང་གནད་འགག་གཉིས་ཀ་ཆེ་བའི་གནད་དོན་རྣམས་ཡིན། དེ་ཡང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་(1738-1780)ཀྱི་སྐུ་དུས་སུ་དབྱིན་ཇིས་བཀྲ་ཤིས་ལྷུན་པོའི་ཕྱོགས་སུ་འབྲེལ་བ་ཐོག་མར་བྱས་པ་ནས་བརྩམས་ཏེ།བཀའ་དྲིན་ཟླ་མེད་རྒྱལ་མཆོག་བཅུ་གསུམ་པ་དང་བཅུ་བཞི་པ་ཆེན་པོའི་སྐུ་དུས་ཀྱི་བོད་ཀྱི་ལོ་རྒྱུས་ནང་བྱུང་བའི་བྱུང་བ་གནད་ཅན་རྣམས་ཡིན། ལོ་རྒྱུས་དེ་དག་ནི་བོད་གངས་ཅན་གྱི་ལྗོངས་ཆེན་པོ་འདི་ཉིད་ད་ལྟའི་གནས་བབ་འདིར་འཁྲིད་བྱེད་ཀྱི་སྣ་ཐག་ཡ་ང་བ་དེ་ཡིན་པས།མ་འོངས་བོད་ཀྱི་ལས་དབང་ལ་སེམས་འཁུར་བྱེད་མཁན་རྣམས་ཀྱིས་བྱུང་བ་དེ་དག་ཤེས་དགོས་པར་མ་ཟད། ད་ལྟ་བོད་ཀྱི་སྤྱི་ཚོགས་ནང་མདུན་དུ་ཐོན་ཏེ་སྣེ་འཁྲིད་ཀྱི་བྱ་བ་ལ་འབད་བརྩོན་བྱེད་བཞིན་པའི་མི་སྣ་གལ་པོ་ཆེ་དག་ལ་ཡང་དུས་ནས་དུས་སུ་གོ་བསྐོན་སློབ་གསོ་དང་ལམ་སྟོན་གསལ་འདེབས་ཡང་ཡང་བྱེད་དགོས་པར་མཐོང་།

གཞན་ཡང་ངེད་ཅག་གིས་<<ཡོ་བ་བསྲངས་ཤིང་གབ་པ་ཕྱུང་བའི་ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ་>>ཅེས་པའི་དཔེ་དེབ་སྟོད་སྨད་འདི་གཉིས་འགྲེམ་སྤེལ་ཞུས་པ་འདིས། ད་ལྟའི་བར་དུ་ཉེ་རབས་བོད་ཀྱི་ལོ་རྒྱུས་ཀྱི་གནད་དོན་ཆེན་པོ་རྣམས་ཡོངས་སུ་འདུས་པའི་དེབ་ཐེར་ཞིག་སུས་ཀྱང་མ་བྲིས་པ་དེའི་སྟོང་ཆ་ཁ་བསྐང་བ་ལ་རམ་འདེགས་ཆེན་པོ་ཞུས་ཡོད་སྙམ་པའི་དགའ་བ་དང་སྤོབས་པ་གཉིས་ཀ་ཡོད། བོད་མི་རང་གིས་ད་ལྟའི་བར་དུ་ཉེ་རབས་བོད་ཀྱི་ལོ་རྒྱུས་འཐུས་སྒོ་ཚང་བ་ཞིག་འབྲི་མ་ཐུབ་པ་འདི་ལ་བསམས་ན། རང་ཅག་ད་དུང་དུས་རབས་ཀྱི་རྗེས་མ་ཟིན་པར་ཆེས་རྒྱང་རིང་ཞིག་ཏུ་གནས་ཡོད་པའི་ཚོར་སྣང་དབང་མེད་དུ་འབྱུང་།

གང་ལྟར། ངེད་ཅག་གི་ཐོག་མའི་དམིགས་ཡུལ་ལ། དཔེ་དེབ་འགྲེམ་སྤེལ་གྱི་མཛད་སྒོ་རྒྱས་པ་ཞིག་རྡ་ས་གངས་སྐྱིད་དུ་འཚོགས་རྒྱུ་དང་། མཛད་སྒོའི་ཐོག་གཞུང་དང་ཚོགས་པ་ཁག་གི་གནད་ཡོད་སེར་སྐྱ་ཅི་མང་གདན་ཞུས་ཀྱིས་བགྲོ་གླེང་རྒྱ་ཆེ་ཙམ་ཞིག་ཞུ་ཐུབ་ན་བསམས་ཀྱང་། ནད་ཡམས་འདིའི་རྐྱེན་པས་དེ་ལྟར་མ་བྱུང་བ་དང་། གཞན་ཡང་། བཀའ་ཤག་གི་བཀའ་བློན་ཁྲོད་ནས་ཤེས་རིག་བཀའ་བློན་ལྕམ་སྐུ་པདྨ་དབྱངས་ཅན་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་རྣམ་གཉིས་འགྲེམ་སྤེལ་མཛད་སྒོའི་ཐོག་དངོས་སུ་ཕེབས་རྒྱུའི་ཞལ་བཞེས་དྲོན་མོ་ཐོབ་ཀྱང་། ནད་ཡམས་ཀྱི་ཁྱབ་ཤུགས་ཆེ་རུ་འགྲོ་བཞིན་པའི་དབང་གིས་བརྙན་གྱི་ལམ་ནས་དཔེ་དེབ་དབུ་འབྱེད་ཀྱི་གསུང་བཤད་གནང་དགོས་བྱུང་ཡོད།

ree

མཇུག་ཏུ། ཙོང་ཁའི་ཡུལ་གྱི་སྟག་མཚེར་སྡེ་བར་སྐུ་འཁྲུངས་ཤིང་བོད་ཀྱི་དོན་དུ་སྐུ་ཚེ་ཧྲིལ་པོ་ཕངས་མེད་དུ་སྦྱིན་པའི་སྐུའི་གཅེན་པོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་ནས་པར་ཕུད་དགྱེས་བཞེས་གནང་བ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་ལགས་དང་བཀའ་ཤག་གི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་ལགས་རྣམ་གཉིས་ནས་དཔེ་དེབ་དབུ་འབྱེད་གནང་བ་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན་ལ། དཔེ་དེབ་འགྲེམ་སྤེལ་གྱི་མཛད་སྒོའི་སྟེང་སྐུ་དངོས་སུ་ཕེབས་པའི་སྐུ་མགྲོན་རྣམས་ལ་ཡང་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞེས་ཞུ་བར་འདོད། དེ་མཚུངས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ངོས་གཉིས་ཀར་དཔེ་དེབ་དབུ་འབྱེད་ཀྱི་གནས་ཚུལ་དང་པར་རིས་བཅས་པ་བཀོད་པ་ལ་སྙིང་ཁོང་ནས་བཀའ་དྲིན་ཆེ་ཞུ་བར་འདོད་དེ། དེ་ཡང་གཞུང་དམངས་གཉིས་ཀྱི་འབྲེལ་བ་དམ་ཟབ་དང་གོང་བཀུར་གཅེས་སྐྱོང་ཚུལ་བཞིན་དུ་གནང་བ་ནི་རྒྱལ་ཁབ་བམ་མི་རིགས་སམ་སྒྲིག་འཛུགས་གང་ཞིག་ཡིན་ཡང་རྒྱུན་གནས་སྲ་བརྟན་དང་ནུས་པ་མངོན་གསལ་དུ་ཐོན་པའི་རྒྱུ་རྐྱེན་གལ་ཆེ་ཤོས་སུ་མཐོང་ངོ་།།

ree

སྤྱི་ལོ་ 2020 ཟླ་ 12 ཚེས་ 5 ཉིན།

 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

Comments


Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page