top of page
Search

བོད་ཀྱིས་ཡིག་འགོད་མ་བྱས་པའི་གནད་དོན་ཧ་ཅང་མང་།

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Dec 13, 2020
  • 1 min read

ree

ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་ནས། “གསར་བཅོས་ཀྱི་ཐུགས་གཤིས་རང་ཆས་སུ་མངའ་བའི་བཀའ་དྲིན་ཟླ་མེད་༸གོང་ས་རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་”ཞེས་གུས་ཤིང་བསྟོད་པ་ལྟར། རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་བོད་ཀྱི་བདེ་སྡུག་ཁོ་ན་ཐུགས་ལ་བརྣགས་ནས་བོད་ཡར་རྒྱས་ལ་དམིགས་པའི་བཅོས་བསྒྱུར་ཀྱི་མཛད་པ་ཇི་སྙེད་ཅིག་བསྐྱངས་ནའང་། སྐུ་དྲག་དབང་ཤེད་ཅན་རྣམས་གཅིག་རྒྱབ་གཅིག་ལངས་ཀྱིས་མཛད་པ་ལམ་དུ་མ་བཏང་བ་དང་། རྒྱུ་དང་དབང་ཐང་ལ་ཞེན་པ་རྣམས་ཀྱིས་དབྱིན་ཇིའི་ཕྱོགས་སུ་མགོ་འབུལ་ལུས་འབུལ་བྱས་པ་སོགས་ཀྱི་དབང་གིས་རྒྱལ་དབང་མཆོག་མྱ་ངན་ལས་འདའ་ཁར་ཐུགས་ཕམ་ཆེན་པོ་བྱུང་ཡོད་པ་ཆུ་སྤྲེལ་ཞལ་གདམས་དང་བཅུ་གསུམ་པ་ཆེན་པོའི་མཛད་རྣམ་གྱི་མཇུག་ལ་གཟིགས་ན་ཧ་ཅང་གསལ་བས་འདིར་རྒྱས་འགྲེལ་བྱེད་དགོས་དོན་མེད།

རྒྱལ་མཆོག་བཅུ་གསུམ་པ་ཉིད་ཀྱི་རྨད་དུ་བྱུང་བའི་དགོངས་གཞི་རྣམས་ཇི་བཞིན་ལམ་དུ་མ་བཏང་བ་ན། སྐུ་ཚེའི་སྨད་དུ་ཐུགས་ཕམ་ཆེན་པོ་འཁྲུངས་པའི་ཚུལ་བསྟན་ཏེ། “སླད་མར་མཛད་པ་རྣམས་ལམ་དུ་ལྷོངས་པ་ལ་རམ་འདེགས་ཐུབ་ངེས་ཀྱི་གཅེན་གཅུང་མང་བའི་ཁྱིམ་གཞི་ཆེན་པོ་ཞིག་ཏུ་འཁྲུང་ངེས་ཡིན་”ཞེས་བཀའ་སྩལ་བ་དམངས་ཁྲོད་དུ་ཡོངས་གྲགས་སུ་གྱུར་ཡོད། འོན་ཀྱང་། ཉུང་ཤས་ཀྱིས་གནས་ཚུལ་དེ་ཧ་གོ་མེད་པ་འདྲ།

ཉེ་ལམ་དགེ་བཤེས་མཁས་གྲུབ་ནོར་བཟང་ལགས་ཀྱིས་ཀྱང་། “སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ལ་སྐུ་མཆེད་དེ་ཙམ་ཡོད་ཚོད་མི་འདུག་པས། གཞུང་གི་སྐུ་དྲག་ཚོས་རང་རང་གི་གཉེན་ཉེ་ཚན་དང་ལྷན་དུ་དཔུང་བསྒྲིགས་ནས་སྐབས་སྐབས་སུ་རྒྱལ་དབང་མཆོག་ལ་སྐུ་ལས་ཁག་པོ་བཟོ་གིན་ཡོད་པ་འདྲ། དེ་ལ་རྒྱལ་དབང་མཆོག་ནས། ངོས་རང་ལ་གཞུང་གི་ལས་ཀ་བྱེད་མཁན་དང་བློ་གཏོད་སའི་སྤུན་མཆེད་འགའ་ཤས་ཤིག་མེད་པ་རྩ་ནས་འགྲིག་མི་འདུག་ཅེས་ལན་དུ་མར་གསུང་ཤོར་བ་རེད། དེ་ནས་སྐུ་ཐོག་ཕྱི་མ་ད་ལྟའི་རྒྱལ་དབང་འདི་པ་སྐུ་བལྟམས་པ་ན་སྐུ་མཆེད་བཅོ་ལྔ་བཅུ་དྲུག་ཙམ་བྱུང་བ་རེད། སྐུ་མཆེད་དེ་ལྟ་བུ་མང་པོ་འབྱུང་དགོས་པའི་རྒྱུ་མཚན་དེ་རེད་ཅེས་རྒན་རབས་མང་པོས་གསུང་གིན་འདུག་”ཅེས་གསུངས།

གོང་གི་བྱུང་བ་དེའི་སྟེང་ནས། རྒྱལ་ཡབ་ཆོས་སྐྱོང་ཚེ་རིང་དང་རྒྱལ་ཡུམ་བདེ་སྐྱིད་ཚེ་རིང་གཉིས་ལ་སྲས་སྲོས་མང་དུ་བྱུང་བའི་གནས་ལུགས་ངོ་མ་དེ་མཐོང་ཐུབ་ལ། ལྷག་པར་དུ་རྒྱལ་བའི་གཅེན་གཅུང་རྣམས་ཀྱིས་བོད་སྤྱི་དོན་ལ་བློས་གཏོང་ཆེན་པོ་གནང་བའི་རྒྱུ་མཚན་དངོས་དེ་མཐོང་ཐུབ། དེ་ལྟ་ནའང་། གོང་དུ་བྲིས་པའི་རྒྱལ་བའི་གསུང་དེ་ཉིད་རེ་ཞིག་བོད་ཀྱི་དབང་ཆ་དང་ལོ་རྒྱུས་བདག་གིར་བྱེད་པའི་སྐུ་དྲག་དག་གིས་ཡིག་འགོད་མ་བྱས།

ree

དེ་ལྟར་རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་རང་གི་སྐུ་སྐྱེ་ཕྱི་མ་དེ་ཉིད་སྐུ་མཆེད་མང་བའི་ཁྱིམ་ཚང་ཞིག་ཏུ་འཁྲུང་རྒྱུའི་ལུང་བསྟན་སྩལ་ཅིང་། མྱ་ངན་ལས་འདའ་ཁ་དང་དེའི་གོང་དུ་མདོ་སྨད་སྐུ་འབུམ་སྟག་མཚེར་དུ་སྐུའི་སྐྱེ་བ་བཞེས་རྒྱུའི་རྟགས་མཚན་མང་དུ་བསྟན། བོད་ཀྱི་གཞུང་བསྟེན་ཆོས་སྲུང་དམར་ནག་གཉིས་ཀྱིས་མཚོན་པའི་ལྷ་བླའི་ལུང་བསྟན་ཡང་དུ་མ་བྱུང་། དེའི་ཚུལ་ཕྱོགས་བསྡུས་ཤིག་བདག་གིས་བྲིས་པའི་རྒྱལ་བའི་<<མཛད་རྣམ་གྲུ་འཛིན་ཞིང་གི་ཉིན་བྱེད་>>དུ་བྲིས་ཡོད་པས་འདིར་བསྐྱར་ཟློས་མི་བྱེད།

 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

コメント


Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page