བོད་ལ་བཙན་བྱོལ་དུ་ཕེབས་པའི་རྒྱ་གར་གྱི་སྲིད་དོན་སྐྱབས་བཅོལ་བ།
- ཤེས་རབ་དར་རྒྱས། Sherab Dharge
- Oct 31, 2020
- 1 min read

ང་ཚོའི་སེམས་སུ་བོད་མི་རྣམས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པ་མ་གཏོགས། རྒྱ་གར་བ་བོད་དུ་བཙན་བྱོལ་ལ་ཕེབས་པའི་ལོ་རྒྱུས་ཤིག་མི་འཁོར། གནས་ཚུལ་དེ་བོད་མི་བྱིངས་ཀྱིས་མི་ཤེས་ཀྱང་མཁས་པ་དག་གིས་མི་མཁྱེན་པ་མ་རེད། འོན་ཀྱང་། ལོ་རྒྱུས་ལ་ལྟ་སའི་ངོས་དང་། གནད་འགག་འདོན་སྟངས། ལྟ་མཁན་གྱི་སེམས་ཚོར་སོགས་ཀྱི་ཁྱད་པར་ལས་ལོ་རྒྱུས་ངོས་མ་ཟིན་པའམ། ལོ་རྒྱུས་དེར་ཚོར་སྣང་མ་བྱུང་བ་སོགས་གནད་དོན་མང་པོ་རང་བཞིན་གྱིས་ཡོང་གིན་ཡོད། ཐ་ན། ལོ་རྒྱུས་ཤོད་པའི་ཚེ། མིང་འདོགས་སྟངས་ཆུང་ཆུང་ཞིག་གིས་ཀྱང་ལོ་རྒྱུས་ལ་ཁྱད་པར་ཆེན་པོ་འབྱིན་པ་ཡིན།
དཔལ་འབྱོར་གྱི་ཐོག་ནས་བཤད་ན། ནང་པའི་ཆོས་བོད་དུ་གདན་འདྲེན་ཞུ་བ་ལ་གསེར་དང་གླ་རྩི་སོགས་འགྲོ་གྲོན་ཚད་ལས་བརྒལ་བ་བཏང་ཡོད་ལ། བོད་ཕྲུག་ལོ་གཞོན་བློ་གྲོས་ཅན་མང་པོའི་ཚེ་སྲོག་ཀྱང་ཤོར་ཡོད། ཕ་མ་རྣམས་ཀྱི་སྡུག་བསྔལ་དང་བུ་ཕྲུག་དེ་དག་གི་ལུས་པོའི་དཀའ་སྡུག་སོགས་ཀྱང་ང་ཚོའི་ཡིད་ལ་འཆར་ཐུབ་པ་ཞིག་མ་རེད། ལོ་རྒྱུས་འདི་དག་ཤེས་དགོས་ན། ཆོས་འབྱུང་ཁག་གཙོ་བོར་ཀློག་དགོས་ཀྱང་། ད་ལྟའི་བར་དུ་གནད་དོན་འདི་དག་ཐོག་ཉམས་ཞིབ་མཐིལ་ཕྱིན་པར་གནང་མཁན་ཞིག་བྱུང་མེད་པ་འདྲ།
སྤྱིར་རྒྱ་གར་དང་བོད་གཉིས་ཀྱི་བར་དུ་ཆོས་ལུགས་ཀྱི་འབྲེལ་བ་ཙམ་དུ་མ་ཟད། སྲིད་དོན་སྐྱབས་བཅོལ་གྱི་འབྲེལ་བ་ཡང་ཧ་ཅང་དམ་པོ་ཡོད། འཕགས་བོད་གཉིས་ཀྱི་བར་དུ་སྐྱབས་བཅོལ་གྱི་འབྲེལ་བ་ཐོག་མ་བྱུང་བ་ནི། རྒྱ་གར་དུ་ཕྱིའི་བཙན་འཛུལ་བྱུང་སྟེ་རྒྱ་གར་བ་སྐོར་ཞིག་བོད་ལ་བྲོས་བྱོལ་དུ་ཕེབས་པའི་སྐབས་དེ་རེད། འདི་ལྟར་བལྟས་ཚེ། འཕགས་བོད་གཉིས་ཀྱི་ནང་ནས་བཙན་བྱོལ་དུ་ཐོག་མར་ཕེབས་མཁན་ནི་རྒྱ་གར་བ་ཚོ་ཡིན་པ་ལས་བོད་པ་མ་རེད།
ཅུང་ཟད་བཤད་ན། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་རབ་བྱུང་གཉིས་པའི་ཤིང་བྱ་སྤྱི་ལོ་ 1127 ལོར་ཁ་ཆེའི་ཡུལ་དུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ལྕགས་བྱ་སྤྱི་ལོ་ 1201 ལོར་ཏ་ཟིག་གི་ཡུལ་ནས་དུ་རུ་ཀའི་དམག་དཔུང་རྒྱ་གར་དུ་ཡོང་སྟེ་བཙན་བཟུང་བྱས། དེའི་དབང་གིས།ནང་པའི་པཎྜི་ཏ་དང་མཁས་པ་དང་ཆོས་བྱེད་དགེ་འདུན་པ་བཅས་རྒྱ་གར་དུ་གནས་མ་ཐུབ་པར་ཉེ་འཁོར་གྱི་རྒྱལ་ཁབ་འབར་མ་(Burma) དང་། ཝེའི་ཏི་ནམ་(Vietnam)དང་། ལའོ་སི་(Laos)དང་། ཁེམ་བྷོ་ཌི་ཡ་(Cambodia)དང་། ཐའི་ལན་ཌི་(Thailand)སོགས་སུ་བྲོས་བྱོལ་གནང་སྟེ་སྐྱབས་བཅོལ་ཞུ་དགོས་བྱུང་།
སྐབས་དེར་རྒྱ་གར་གྱི་པཎྜི་ཏ་དང་མཁས་པ་“ཉུང་ཤས་ཤིག་ཨ་སམ་དང་། བལ་ཡུལ་བརྒྱུད་ནས་བོད་དུ་བྲོས་ཕེབས་པ་རེད། དཔེར་ན། དེ་སྔོན་བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་ཞུ་བ་(ས་སྐྱ་པཎ་ཆེན་གྱི་བླ་མ་)དེ་ཡང་སྐབས་དེར་ཨ་སམ་དང་། གྲོ་མོ་བརྒྱུད་ནས་བོད་དུ་བྲོས་ཕེབས་པའི་གྲས་ཤིག་ཡིན།” སྐད་ཆ་འདི་ད་ལྟའི་ཤོད་སྟངས་ལྟར་བྱས་ན། དེ་དག་བོད་ལ་བཙན་བྱོལ་དུ་ཕེབས་པ་ཡིན།
སྤྱིར་བོད་ཀྱི་ཡི་གེའི་ནང་རྒྱ་གར་བ་ཉུང་ཤས་ཤིག་ལས་མ་ཕེབས་པ་ལྟ་བུ་བྲིས་འདུག་ཀྱང་། དོན་ལ་ནི། ཉུང་ཉུང་ཞིག་ཡིན་ཚོད་མི་འདུག་ལ། གཞོན་སྐྱེས་ཉམས་ཞིབ་པ་བློ་གྲོས་ཅན་རེ་ཡོད་ན་ཞིབ་འཇུག་གནང་ན་ལེགས་སྙམ། གང་ལྟར། བཙན་བྱོལ་དུ་ཕེབས་ཡོད་པ་ནི་གསལ་པོ་རེད།

རྒྱ་གར་གྱི་སྐྱབས་བཅོལ་བ་དེ་དག་བོད་ལ་བཙན་བྱོལ་དུ་ཕེབས་པའི་དུས་སྐབས་ནི་རབ་བྱུང་གསུམ་པའི་ཤིང་བྱི་སྤྱི་ལོ་ 1204 དང་། དེའི་ཡས་མས་རེད། དེ་དུས་པཎ་ཆེན་ཤཱཀྱ་ཤྲི་དགུང་ལོ་ ༧༨ ལ་ཕེབས་ཡོད།
དེ་ལྟར་“བོད་ཀྱི་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་[ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲི་]གྲོ་མོ་བརྒྱུད་བོད་ས་གནས་སུ་གདན་དྲངས་ཏེ་ལོ་བཅུ་ཙམ་བཞུགས་ཐོག་སངས་རྒྱས་ཆོས་ལུགས་དར་སྤེལ་བཏང་།” སྤྱི་ལོ་ 1213 བར་དུ་བོད་ལ་བཞུགས།
ཁ་ཆེའི་པཎ་ཆེན་“གཙང་དུ་ཕེབས་ནས་ཉང་སྨད་རྒྱན་གོང་གི་གཙུག་ལག་ཁང་དུ་བཞུགས་སྐབས་ས་སྐྱ་པཎ་ཆེན་དགུང་ལོ་ཉེར་བདུན་ལ་སླེབས་པ་དང་མཇལ། ཁོང་གིས་ཁ་ཆེ་པཎ་ཆེན་ལ་བསྙེན་རྫོགས་ཞུས་ཏེ་དགེ་སློང་གི་སྡོམ་རྒྱུན་སྤེལ་བ་ནས་ཁ་ཆེ་པཎ་ཆེན་གྱི་བརྒྱུད་པ་ཟེར་བའི་དགེ་སློང་གི་སྡོམ་རྒྱུན་གསར་པ་འཕེལ་རྒྱས་བྱུང་སྟེ་ཚོགས་པ་སྡེ་བཞི་ཟེར་བ་བཅས་བྱུང་།”
འདྲེན་རྟགས་སུ་བཀོད་པ་དག་ནི་ཨ་ལགས་དུང་དཀར་ཚང་གི་གསུང་ཡིན། བོད་ཀྱི་མཁས་པ་གཞན་གྱིས་བྲིས་པ་འགའ་ན། རྒྱ་གར་གྱི་པཎྜི་ཏ་དང་བོད་ཀྱི་ལོ་ཙཱ་བའི་ཆེ་བ་གཙོ་འདོན་གནང་སྟེ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བྲིས་མེད།

རྒྱ་གར་བ་དེ་དག་བོད་ལ་སྐྱབས་བཅོལ་དུ་ཕེབས་ཚུལ་ཞིབ་ཙམ་ཤེས་འདོད་ན། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་མཛད་པའི་<<དེབ་ཐེར་སྔོན་པོ་>>དང་། མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་<<བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་>>ཞེས་པ་དང་དུང་དཀར་ཚིག་མཛོད་བཅས་སྦྲགས་ཏེ་བཀླགས་ན་ཧ་ཅང་གསལ་བར་འགྱུར་ལ། དེབ་ཐེར་དང་ཆོས་འབྱུང་གཞན་དུ་ཡང་ཁ་ཆེའི་པཎ་ཆེན་གྱི་རྣམ་ཐར་ཡོད་པས། དེ་དག་བཀླགས་ན་ཡང་གཅིག་ཏུ་མི་གསལ་བ་གཞན་དུ་གསལ་བའི་ཁྱད་ཆོས་དང་དགེ་མཚན་གཉིས་ཀ་མངོན་དུ་བྱེད་ཐུབ།
མདོར་ན། འགོས་ལོ་གཞོན་ནུ་དཔལ་གྱིས། “དོན་དུ་ན། པཎ་ཆེན་ཉིད་མེ་མོ་ལུག་ལ་འཁྲུངས། ས་མོ་སྦྲུལ་ལོ་ཉི་ཤུ་རྩ་གསུམ་པ་ལ་རབ་ཏུ་བྱུང་། བདུན་ཅུ་རྩ་བརྒྱད་པ་ཤིང་ཕོ་བྱི་བ་ལ་བོད་དུ་ཕེབས། ཆུ་མོ་བྱའི་བར་ལོ་བཅུ་བཞུགས། ཤིང་ཕོ་ཁྱི་ལ་བོད་ནས་བྱོན་ཏེ་ཁ་ཆེར་གཞན་དོན་རྒྱ་ཆེན་པོ་མཛད་ནས་རང་ལོ་དགུ་བཅུ་རྩ་དགུ་པ་ཤིང་མོ་བྱ་ལ་ཞི་བར་གཤེགས་སོ།།” ཞེས་དེབ་སྔོན་དུ་གསུངས།

བོད་ཀྱི་ཕྱོགས་ནས་བཤད་ན། བོད་ལ་དམག་བྱུང་སྟེ་རྒྱ་གར་དུ་བཙན་བྱོལ་གནང་མཁན་ཐོག་མ་ནི་བཀའ་དྲིན་ཟླ་མེད་རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་མཆོག་རེད། དེ་ཡང་ལུའུ་ཅུན་རྒྱ་དམག་གི་རྐྱེན་པས་སྤྱི་ལོ་ 1910 ཟླ་ 2 ཚེས་ 13 ཉིན་གྱི་སྔ་དྲོར་ལྷ་ལྡན་ནས་ཕེབས་ཐོན་གྱིས་རྒྱ་གར་དུ་ཉེན་གཡོལ་གནང་དགོས་བྱུང་། དེ་ནི་རྒྱ་གར་དུ་འབྱོར་བའི་བོད་ཀྱི་སྲིད་དོན་སྐྱབས་བཅོལ་བ་ཐོག་མ་དེ་རེད། དེའི་རྗེས་སུ་སྤྱི་ལོ་ 1952 ལོར་རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་གཅེན་པོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་རྒྱ་གར་དུ་བཙན་བྱོལ་གནང་སྟེ་བཞུགས།དེ་ནི་དུས་སྐབས་གཞན་ཞིག་གི་བོད་ཀྱི་སྲིད་དོན་སྐྱབས་བཅོལ་བ་ཐོག་མ་དེ་རེད། སྤྱི་ལོ་ 1959 ལོར་ཅི་བྱུང་ནི་རང་ཅག་ཀུན་ལ་གསལ་བ་འདི་ག་ལགས།



ཡོངས་གྲགས་ཀྱི་ལོ་རྒྱུས་ཡིན་ཡང་། ཡིན་ཤག་གིས་མ་བཞག་པར་ངོས་འདྲ་མིན་ནས་བལྟས་ཏེ་གླེང་ཐུབ་ན། ལོ་རྒྱུས་ལ་སླར་ཡང་གསོན་ཤུགས་རྒྱས་ཤིང་། ཚོར་བ་ཡང་མི་འདྲ་བ་རེ་སྟེར་ཐུབ་པར་མ་ཟད། གནད་དོན་ཡང་སྔར་ལྷག་རྙེད་ཐུབ་བོ།།
Comments