top of page
Search

བྱ་ཚིག་དྲུག་སྡེ།

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Feb 20, 2021
  • 1 min read

(དཔེ་མཚོན། གདུལ། འདུལ། བཏུལ། ཐུལ། ཐུལ། དུལ།)

བྱ་ཚིག་སྡེ་དྲུག་འདི་དཀྱུས་གཅིག་ཏུ་ཤོད་མཁན་མ་བྱུང་ཡང་། སྐད་ཀྱི་གཤིས་ལ་ཡོད་པ་ཞིག་ཡིན་ཙ་ན། འདི་བཤད་པས་བརྡ་སྤྲོད་ཀྱི་གོ་རྟོགས་ཟབ་ཏུ་གཏོང་བ་མ་གཏོགས། གནོད་པ་ཡེ་ནས་མེད།

• བྱ་ཚིག་སྡེ་དྲུག་ནི། བྱ་ཚིག་རང་བཞིན་པ་གསུམ་དང་། སྐུལ་ཚིག་གཅིག། ནུས་བརྗོད་བྱ་ཚིག་གཅིག། འབྲས་བརྗོད་བྱ་ཚིག་གཅིག་བཅས་ལ་ཟེར་ཞིང་། དེ་དག་སྡེའམ་ཁྱིམ་གཅིག་ཏུ་གཏོགས་པ་ཡིན།

• ༡། བྱ་ཚིག་སྡེ་དྲུག་ལས། རིམ་པ་དང་པོ་གདུལ་ནི་མ་འོངས་པ་དང་། རིམ་པ་གཉིས་པ་འདུལ་ད་ལྟ་བ། རིམ་པ་གསུམ་པ་བཏུལ་འདས་པ་སྟེ་འདི་གསུམ་ལ་བྱ་ཚིག་རང་བཞིན་པ་ཟེར་ཞིང་། དེ་གསུམ་གྱིས་དུས་གསལ་པོར་སྟོན།

༢། རིམ་པ་བཞི་པ་ཐུལ་ནི་སྐུལ་ཚིག་སྟེ། བྱ་བ་མ་འོངས་པ་ལ་འཇུག་ཀྱང་རང་ངོས་ནས་དུས་མི་སྟོན། དེའི་དོན་ནི། འདུལ་བར་བྱོས་ཤིག་ཅེས་པའོ།།

༣། རིམ་པ་ལྔ་པ་ཐུལ་ནི་ནུས་བརྗོད་བྱ་ཚིག་སྟེ། དེས་འདུལ་ཐུབ་པའམ་འདུལ་ནུས་པ་སྟོན། དཔེར་ན། གཅོད་ནུས་པ་ལ་ཆོད་དང་གཅོད་མི་ནུས་པ་ལ་མི་ཆོད་དང་། འཛིན་ཐུབ་པ་ལ་ཟིན་དང་འཛིན་མི་ཐུབ་པ་ལ་མི་ཟིན་ཞེས་པ་ལྟ་བུ་ལ་བསམས་ན་ངེས་ཤེས་སྐྱེ་སླ། ཐོན་མིའི་ཞལ་ལུང་གིས་གླེང་ཙམ་གནང་སྟེ་བཞག། དེའི་རྗེས་ཐན་ཐུན་རེ་བཤད་པ་བྱུང་།

༤། རིམ་པ་དྲུག་པ་དུལ་ནི་འབྲས་བརྗོད་བྱ་ཚིག་སྟེ། འདིའི་རྣམ་གཞག་ཞིབ་ཏུ་བཤད་པ་ཞིག་སྔར་མ་བྱུང་། གོ་བདེ་བར་བཤད་ན། འདུལ་བའི་བྱ་བ་བྱས་པའི་འབྲས་བུ་ཡུལ་སྟེང་དུ་གྲུབ་པའི་རྣམ་པ་རྗོད་པ་ཡིན། འདི་ལ་ཡང་དུས་གསུམ་གྱི་དབྱེ་བ་ཡོད། འོན་ཀྱང་། གཟུགས་མི་འགྱུར་ཡིན།

• འདུལ་དང་དུལ་གཉིས་ཀྱི་ཁྱད་པར་ལ་བྱེད་འབྲེལ་བྱེད་མེད་གང་ཡིན་བཤད་པ་ལྟ་བུས་གཏིང་མི་དཔོག། དཔྱིས་ཕྱིན་པར་ཤེས་པ་ལ་གོང་དུ་བཤད་པའི་རྣམ་གཞག་དེ་ཤེས་དགོས།

• མདོར་ན།

༡། བྱེད་པ་པོས་འདུལ་བའི་བྱ་བ་བྱེད་པར་འགྱུར་བའམ་བྱེད་བཞིན་པའམ་བྱས་ཟིན་པ་སྟོན་པ་ལ་གདུལ་འདུལ་བཏུལ་གསུམ་འབྲི་དགོས།

༢། སྐུལ་ཚིག་ལ་ཐུལ་ཏེ་སླའོ།།

༣། བྱེད་པ་པོས་འདུལ་ཐུབ་པའམ་འདུལ་ནུས་པ་སྟོན་པ་ལ་ཐུལ་འབྲི། དཔེར་ན། སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་བའི།། ཞེས་པ་ལྟ་བུར་བསམས་ན་ཤེས་སླ།

༤། བྱེད་པ་པོས་འདུལ་བའི་བྱ་བ་བྱས་པའི་འབྲས་བུ་ཡུལ་སྟེང་དུ་གྲུབ་པ་སྟོན་པ་ལ་དུལ་འབྲི་དགོས། རང་སེམས་བཏུལ་ནས་དུལ་ཞེས་པ་ལྟ་བུ།

བསྡུས་ན། གདུལ་འདུལ་བཏུལ་གསུམ་གྱིས་བྱེད་པ་པོའི་བྱེད་རྩོལ་གྱི་རྣམ་འགྱུར་སྟོན། དུལ་གྱིས་ཡུལ་གྱི་འགྱུར་བ་སྟོན་ཏེ། གཞན་གཉིས་གོ་སླ།

• ཡང་། བྱ་ཚིག་རང་བཞིན་པས་བྱེད་པ་པོའི་རྩོལ་བ་སྟོན།

ནུས་བརྗོད་བྱ་ཚིག་གིས་བྱེད་པ་པོའམ་བྱེད་པའི་ཐུབ་ནུས་སྟོན།

འབྲས་བརྗོད་བྱ་ཚིག་གིས་རྩོལ་བའི་འབྲས་བུ་སྟོན།

• དཔེར་བརྗོད་གཞན།

གཟུག། འཛུགས། བཙུགས། ཚུགས། ཚུགས ཚུགས།

བསྐོན། སྐོན། བསྐོན། སྐོན། ཁོན། འཁོན།

དགོད། འགོད། བཀོད། ཁོད། ཁོད། འཁོད། ལྟ་བུའོ།།

• གོང་དུ་བཤད་པའི་གནད་དོན་དེ་དག་ལ་ངེས་ཤེས་སྐྱེས་ན། ད་གཟོད། ལམ་རིམ་ལས། “དེ་ཡང་རང་མ་དུལ་བས་གཞན་འདུལ་བ་གནས་མེད་པར་གསུངས་པས་གཞན་འདུལ་བའི་བླ་མ་དེས་ཐོག་མར་རང་གི་རྒྱུད་བཏུལ་བ་ཞིག་དགོས་སོ།།” ཞེས་དང་། བླ་མ་མཆོད་པ་ལས།“སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་བའི།།” ཞེས་དང་། མདོ་སྡེའི་རྒྱན་ལས། “བཤེས་གཉེན་དུལ་བ་ཞི་བ།” ཞེས་སོགས་གསུངས་པའི་ཚིག་དོན་གཉིས་ཀར་སྤོབས་པ་ཞུམ་མི་དགོས་སོ།།

• གོང་གི་གནད་དོན་དེ་དཔྱིས་ཕྱིན་པར་ཤེས་ན། བསྐོར་ནས་འཁོར་ཞེས་བརྗོད་པའི་བསྐོར་ལ་བྱེད་འབྲེལ་ལས་ཚིག་དང་འཁོར་ལ་བྱེད་མེད་ལས་ཚིག་ཅེས་བརྗོད་མི་དགོས་པར་བསྐོར་ནི་བྱེད་པ་པོའི་རྩོལ་བ་དང་། འཁོར་ནི་བྱ་བའི་འབྲས་བུ་ཡུལ་སྟེང་དུ་གྲུབ་པ་སྟོན་བྱེད་དེ། མདོར་ན། བྱེད་པ་པོའི་རྩོལ་བ་དང་ཡུལ་གྱི་འགྱུར་བ་གཉིས་སོ་སོར་སྟོན་བྱེད་ཡིན་ཞེས་བརྗོད་ན་ར་འཕྲོད་སླ་ཞིང་དོན་ཡང་ཟབ། ར་སྤྲད་ནས་འཕྲོད། ངེས་པ་བསྐྱེད་ནས་སྐྱེས། ཡི་གེ་བཏང་ནས་འབྱོར་སོགས་མཐའ་ཡས་སོ།།

•ད་དུང་མིང་གི་གྲུབ་ཚུལ་དང་། བྱ་ཚིག་གི་རྣམ་དབྱེ་ཕྲ་མོ། མིང་དང་འབྲེལ་བའི་རྒྱན་ཚིག། བྱ་ཚིག་དང་འབྲེལ་བའི་བསྣན་ཚིག། ལས་ཚིག་རྗེས་མཐུན་པ་དང་དེ་གང་ལ་སྦྱོར་བའི་བྱ་ཚིག་གི་རྣམ་པ། བྱེད་འབྲེལ་ལྷག་བཅས་དང་ལ་དོན་སོགས་ཀྱི་བྱེད་ལས་གཞན་བཅས་ཤོད་དགོས་པ་ཧ་ཅང་མང་ངོ་།།

 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

Comments


Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page