བཀའ་མོལ་གསོན་པོ་ཞིག་འདི་ན་ཡོད།
- ཤེས་རབ་དར་རྒྱས། Sherab Dharge
- Nov 27, 2021
- 1 min read

ཧྥ་རན་སིའི་སློབ་དཔོན་ཆེན་མོ་ནེ་ཀོ་ལ་སི་ཡི་བརྩམས་ཆོས་ལས་ངས་བཀླགས་པ་ནི་བོད་སྐད་སྦྱོང་ཐབས་ཀྱི་དཔེ་དེབ་དེ་དང་། དེ་མིན་གྱི་རྩོམ་ཐུང་རེ་གཉིས་ཡིན། རྣམ་དཔྱོད་ཧ་ཅང་ཆེ་བའི་སྣང་བ་ཞིག་འགོག་མེད་དུ་བྱུང་། དེ་ལྟར་ང་ཁོང་ལ་དགའ་ཞིང་ངས་ཁོང་སུ་ཡིན་ཤེས་པ་ནས་ལོ་མང་སོང་ཡང་དངོས་སུ་མཇལ་མ་མྱོང་།
སྤྱི་ལོ་ 2021 ཟླ་ 10 ཚེས་ 9 ཉིན་ཁོང་ལ་བཅར་འདྲི་ཞུས་པའི་ལས་ཚན་ཞིག་ཡོད་པ་ཁ་སང་གཞི་ནས་མཐོང་། མཐོང་མ་ཐག་མཉན་བྱའི་ཚན་པའི་ནང་བཅུག་སྟེ་དགོས་ཟས་ཟོས་རྗེས་ཆ་ཚང་ཉན། མགོ་ནས་མར་ཉན་ཏེ་སྐར་མ་ 10:30 ཡི་མཚམས་སུ་བསླེབས་པ་ན་ཁོང་གིས།“རྒྱ་ནག་གི་ཁྲིམས་དེ་དངོས་གནས་དྲང་གནས་ཡག་པོ་འདུག།” ཅེས་གསུངས་པ་གོ་མ་ཐག་ངའི་སེམས་འདི་ཟིང་སེ་བཏང་སོང་བས། དེའི་ཚིག་རྔ་མི་ཉན་ཐབས་མེད་དུ་གྱུར།
དེ་ནས་ཁོང་གིས་རྒྱ་ནག་གི་རྩ་ཁྲིམས་ནང་། “མི་རིགས་ཀྱི་འདྲ་མཉམ་དང་མི་རིགས་ཀྱི་ཐོབ་ཐང་ཡོད་པ་དེ་ཡག་པོ་ཞེ་དྲག་འདུག།” ཅེས་གསུངས་སོང་བས་ཁོང་གི་བཀའ་མོལ་གྱི་རྩ་བ་དེ་ཟུར་ཙམ་གོ་བར་མ་ཟད། དེའི་འཕྲོར། “ཡིན་ནའང་། དངོས་སུ་ཁྲིམས་ལུགས་དེ་ལག་ལེན་དུ་བསྟར་སྟངས་ཡག་པོ་ཡོད་པ་མ་རེད།” ཅེས་གསུངས་པ་གོ་བས་དེ་མ་ཐག་དབུ་མའི་ལམ་དང་བོད་རྒྱ་འབྲེལ་མོལ་ཡང་ཡིད་ལ་ཤར་སོང་།
ཉན་གྱིན་ཉན་གྱིན། སྲིད་དོན་དང་རང་དོན་གྱི་ལྷད་ཞུགས་ནས་གཞན་གྱི་ངོ་སོ་མི་གཉེར་བའི་ཞིབ་འཇུག་པ་དག་ལ་སླར་ཡང་སེམས་པ་ཤོར། ཁོང་གི་གསུང་བབ་ལས། ད་ལྟ་བོད་ཀྱི་སྐད་ཡིག་གཉིས་ཇི་ལྟར་གཡང་ས་འགྲིམ་བཞིན་པ་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་དུང་དཀར་བློ་བཟང་འཕྲིན་ལས་གཉིས་ཀྱིས་བོད་ཀྱི་སྐད་ཡིག་གི་དོན་དུ་བསྐྱངས་པའི་མཛད་པ། དབུ་མའི་ལམ་གྱི་སྙིང་དོན་བཅས་ཡིད་ལ་ཤར།
གལ་ཏེ་འབྲེལ་ཡོད་སྡེ་ཚན་གྱིས་ལས་རིམ་གྱི་ཆེད་དུ་ལས་རིམ་བསྒྲིགས་པའམ་བཅར་འདྲིའི་ཆེད་དུ་བཅར་འདྲི་ཞུས་པ་ཡིན་ན་ནི། བཅར་འདྲིའི་ལས་ཡུན་དེ་རྫོགས་མ་ཐག་དམིགས་ཡུལ་དེ་ཉིད་ཡོངས་སུ་འགྲུབ་སོང་བ་ཡིན་པས། ཞུ་རྒྱུ་གང་ཡང་སེམས་ལ་མི་དྲན།
གལ་སྲིད་དེ་ལྟ་མིན་པར་གནས་བབ་ཅིག་དང་གནས་ལུགས་ཤིག་གམ་བདེན་དཔང་ཞིག་རྙེད་པའི་སླད་དུ་ཡིན་ན། འཛམ་གླིང་སྟེང་ཡོངས་གྲགས་ཀྱིས་ཁས་ལེན་པའི་ཞིབ་འཇུག་པ་མཁས་པ་འདིའི་གསུང་ཚིག་རེ་རེ་གནས་ལུགས་དང་བདེན་དཔང་ཡིན་པས། བོད་དོན་ཞུ་གཏུགས་དང་། སྙན་ཐོ། དྲིལ་བསྒྲགས་སོགས་ད་ལྟ་བོད་ཀྱིས་ཤོད་ཅིང་སྒྲུབ་བཞིན་པའི་ལས་དོན་ནང་ངེས་པར་དུ་ལུང་འདྲེན་གྱིས་བཀོལ་སྤྱོད་བྱེད་དགོས་ངེས་སུ་མཐོང་།
གང་ལྟར་ཡང་། ད་ལྟ་ངས་འདིར་ལུང་འདྲེན་ཞུ་འདོད་པ་ནི་སྐུ་ཞབས་ནེ་ཀོ་ལ་སི་ཡིས། “རྒྱ་ནག་གི་ཁྲིམས་དེ་དངོས་གནས་དྲང་གནས་ཡག་པོ་འདུག། མི་རིགས་ཀྱི་འདྲ་མཉམ་དང་མི་རིགས་ཀྱི་ཐོབ་ཐང་ཡོད་པ་དེ་ཡག་པོ་ཞེ་དྲག་འདུག། ཡིན་ནའང་། དངོས་སུ་ཁྲིམས་ལུགས་དེ་ལག་ལེན་དུ་བསྟར་སྟངས་ཡག་པོ་ཡོད་པ་མ་རེད། དཔེར་ཆ་བཞག་ན། སློབ་གྲྭ་དང་ལས་ཁུངས་ལ་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པ་ཧ་ཅང་ཉུང་ཉུང་རེད། གནས་ཚུལ་དེ་སྡུག་ཏུ་ཕྱིན་པ་རེད། དེང་སང་བོད་རང་སྐྱོང་ལྗོངས་དང་བོད་རིགས་རང་སྐྱོང་ཁུལ་ཟེར་བ་རེད་དེ། མིང་དེ་འགྲིག་གི་མི་འདུག། དངོས་གནས་དྲང་གནས་བཤད་ན། གཞན་སྐྱོང་ལྗོངས་འདྲ་པོ་ཞིག་རེད་ལབ་ན་ཏག་ཏག་བསྡད་ཀྱི་འདུག་བསམ་གྱི་འདུག། ངས་དྲན་པ་ལྟར་ན། ༡༩༨༨ ལོར་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་དང་ངའི་དགེ་རྒན་སྐལ་བཟང་འགྱུར་མེད་ལགས་གཉིས་མཉམ་པོར་ང་འབའ་ཐང་དང་སྨར་ཁམས་ལ་ཕྱིན་པ་ཡིན། ང་ཚོ་སྨར་ཁམས་ལ་འགྲོ་དུས་རྫོང་ལ་ཚོགས་འདུ་ཚོགས་པ་རེད། དེ་དུས་འབའ་བ་ཕུན་ཚོགས་དབང་རྒྱལགས་ཀྱིས་ཚོགས་འདུ་བོད་སྐད་ཐོག་ནས་ཚོགས་པ་རེད། དེའི་སྐབས་ལ་སྣང་དག་ཅི་ཡང་ཡོད་པ་མ་རེད། ཚོགས་འདུའི་ཐོག་རྒྱ་མི་འགའ་ཤས་ཡོད་པ་རེད་དེ།དེའི་སྐབས་ལ་རང་བཞིན་གྱིས་འགྲིག་གི་ཡོད་པ་རེད། དེའི་གཞུག་ལ་ལོ་བཅུའི་རྗེས་སུ་ལོ་རྒྱུས་མཁས་པ་ཆེན་པོ་དུང་དཀར་བློ་བཟང་འཕྲིན་ལས་ལགས་བསྙུངས་ནས་ལྷ་སའི་དམག་མིའི་སྨན་ཁང་དུ་བཞུགས་སྐབས་མཇལ་བར་ཕྱིན་པ་ཡིན། རྒན་ལགས་ཀྱིས་ཐུགས་སེམས་སྐྱོ་པོ་གནང་ནས།ད་ངའི་ལས་ཀ་ཚར་སོང་། ཞེས་གསུངས་སོང་། ཁོང་ཐུགས་སེམས་སྐྱོ་པོ་ཆགས་པ་དེ། ཁོང་རང་དང་པཎ་ཆེན་རིན་པོ་ཆེས་ལོ་མང་པོའི་རིང་ལ་བོད་ཡིག་ཡར་རྒྱས་གོང་འཕེལ་དུ་གཏོང་ཆེད། སློབ་གྲྭ་ཆེན་མོར་བོད་ཡིག་བེད་སྤྱོད་གཏོང་བ་ལ་སོགས་པ་ཐབས་ཤེས་མང་པོ་གནང་ནས་གྲུབ་འབྲས་ཡག་པོ་ཐོབ། ཡིན་ནའང་། ད་དེའི་སྐབས་ལ་སྲིད་ཇུས་འགྱུར་ནས་སྡུག་ཏུ་སྡུག་ཏུ་ཕྱིན་པ་རེད། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ད་ལྟའི་གནས་ཚུལ་འདི་གཟིགས་པ་ཡིན་ན། དངོས་གནས་དྲང་གནས་ཁོང་དེ་བས་ཀྱང་ཐུགས་སེམས་སྐྱོ་པོ་ཆགས་ངེས་རེད། གང་ཡིན་ཟེར་ན། དེང་སང་དངོས་གནས་དྲང་གནས་མི་རིགས་རྣམས་རྒྱ་ནག་ཅན་དུ་བསྒྱུར་བའི་ཐབས་ཤེས་མང་པོ་བྱེད་ཀྱི་ཡོད་པ་རེད། ངའི་བསམ་པ་ལ་དེ་ནོར་འཁྲུལ་ཆེན་པོ་རེད་བསམ་གྱི་འདུག།” ཅེས་གསུངས་པ་འདི་ཡིན། དུས་ཚོད་ཅུང་ཟད་ཡོད་པ་ཚོས་ཆ་ཚང་ཉན་ཐུབ་ན་ཧ་ཅང་ལེགས།
དྲ་ཐག་ནི། https://youtu.be/TSg-CHTgoKs
Comments