top of page
Search

བདེ་མོ་བྱོས།

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Sep 20, 2022
  • 1 min read

Updated: May 11, 2023

གཅན་མེ་སྟག། -ཐུག་མ་མྱོང་བ་ཞིག་ལ་འཁྲེང་ཞིང་དུང་བ་ནི་ཤེས་རིག་གི་བརྩེ་དུང་ཡིན་པ་འདྲ།

ree

གཏམ་ངན་དེ་རྣ་བར་ལྷུང་བ་དང་བསྡོངས་ཏེ་ཚིག་ངན་ཞིག་མིག་ལམ་དུ་ཤར་བ་ན།

དུས་རྒྱུན་གློག་ཀླད་ཀྱི་ངོས་སུ་མགྱོགས་མྱུར་གྱིས་འཁྱུག་པའི་ཡིག་རིས་རྣམས་གློ་བུར་དུ་འཁྱོར་བྱུང་།

མིག་རས་གཉིས་ཀྱིས་ཅི་ཡང་མ་མཐོང་།

མདུན་གྱི་གློག་ཀླད་ཀྱང་འདར་བྱུང་།

ཨ་ཁ་ཅི་ཞིག་བྱུང་བ་ཡིན་ནམ།

འགྲོ་སྔ་དྲགས་སོང་།

འདུ་མ་མྱོང་ཡང་། འབྲལ་བ་ཆོས་ཉིད་ཡིན།

འདྲིས་མ་མྱོང་ཡང་། འཁྲེང་བ་བརྩེ་དུང་ཡིན།

ཤེས་རིག་གི་སྐྱེས་བུ་རེ་རེས་གྱེས་ཕྱག་འཚལ་ཏེ་ཕྱིན་པ་ན།

རྒྱང་རིང་གི་གྲོང་མཐའ་འདི་ནས་འགྱོད་གདུང་ལྟ་བུས་སུན་གཙེར་བྱིན་པ་ནི་ལན་གཅིག་མིན།

གང་ལྟར། བཟོད་པ་སྒོམ་རྒྱུ་ལས་ཅང་ལྷག་མ་སོང་།

གཅན་མེ་སྟག་ལགས། ག་ལེར་ཆས་ཤིག། ཤེས་རིག་ལ་དུང་བ་ཚོས་ཁྱོད་དྲན་ཞིང་ཁྱོད་མི་བརྗེད།

ཕོ་བྲང་ཆེན་པོའི་ཉེ་འདབས་ནས་ཁྱོད་ལ་སྐྱེལ་མ་བྱེད། བདེ་མོ་བྱོས། སང་ཉིན་གྱི་ཉི་མ་གཞོན་ནུར་སྒུགས་ཤིག། གཅན་མེ་སྟག་ལགས།


གཤམ་གྱི་རྩོམ་ཡིག་འདི་ཀློག་རོགས།

འདི་ལྟར་ཤི་སོང་ན།

གཅན་མེ་སྟག་གིས་བརྩམས།


ང་འདི་ལྟར་ཤི་སོང་ན

གསལ་བྱེད་སུམ་ཅུ་བོ་ཇི་ལྟར་བྱ

བཀྲུས་བཀྲུས་ནས་ཁ་དོག་ཀྱང་ཡལ་བའི

བརྡ་སྤྲོད་ཀྱི་ལྭ་བ་འདི་དག་ཇི་ལྟར་བྱ

སྤོས་ཀྱིས་གདུག་ཀྱང་ཆང་གིས་མཆོད་པའི

མཆོད་སྒྲོམ་གྱི་དབྱངས་ཡིག་བཞི་བོ་ཇི་ལྟར་བྱ

འདང་བརྩེ་ཡི་དབང་གིས

ངའི་ཆེད་དུ་རང་སྲོག་བློས་བཏང་བའི

སྙན་ངག་གི་དཔེ་དང་གཟུགས་རྒྱན

རབ་བཏགས་དང་བསྡུས་བརྗོད་འདི་དག་ཇི་ལྟར་བྱ


ང་འདི་ལྟར་ཤི་སོང་ན

ངའི་ལུས་ལ་མེ་ཏོག་དང་དྲི་ངད་གཏོར་བའི

མངོན་བརྗོད་དང་བརྡ་དག་ཚོགས་ཀྱིས་ཅི་ཞིག་བྱ


ང་འདི་ལྟར་ཤི་སོང་ན

ངའི་མིག་དང་སེམས་ལ་འབྱར་བའི

བོད་ཀྱི་ཡི་གེ་འདི་དག

དྭ་ཕྲུག་ཏུ་འགྱུར་ངེས

ཡུན་རིང་གི་ལོ་ཟླའི་ནང

ང་དང་གྲིབ་་མ་ལྟར་འགྲོགས་པའི

ཚེག་དང་ཤད་འདི་དག

སྐྱོ་གདུང་གིས་ཤི་ངེས

ད་ཅི་བྱེད་དམ


ང་ནི་ཤི་རན་སོང

མྱུར་བ་མྱུར་བར་མ་ཤི་ན

ངས་བྲིས་ཤིང་འབྲི་འགྱུར་གྱི

སྙན་ངག་འདི་དག་ཀྱང

དུས་རབས་ཀྱིས་བསྣུབས་ཤིང

མི་རྟག་པས་ཟོས་ཏེ

མི་རབས་ཕྱི་མར་སླེབས་དུས

ལྷག་བསམ་འདིའི་རུས་པ་སྤར་མོ་གང་ཡང

ལྷག་རྒྱུ་མ་རེད།

 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

コメント


Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page