བསམ་ཚུལ་ཅི་ཡོད་ཟེར།
- ཤེས་རབ་དར་རྒྱས། Sherab Dharge
- Feb 25, 2021
- 1 min read
Updated: Jun 15, 2021
(དོ་དགོང་སེམས་ལ་གང་ཤར་དང་མིག་ལ་གང་ཐོགས་མྱུར་སྟབས་སུ་བྲིས་པས། གོ་བདེ་ཞིང་གནད་ཐོན་པ་ཞིག་འབྲི་ཐུབ་མ་སོང་ཡང་། བསམ་གཞིག་གི་སྒོ་ཆུང་ཆུང་ཞིག་ནི་འབྱེད་ཐག་ཆོད་ཡིན།)

བདག་ངོ་དེབ་སོགས་ནས་ཕྱིར་ཐོན་ཏེ། ད་ལྟ་དྲ་རྒྱའི་སྤྱི་ཚོགས་ལ་འབྲེལ་བ་མེད་པ་ལྟ་བུར་གྱུར་པའི་སྐབས་ཏེ། ཁ་སང་གྲོགས་པོ་ཞིག་ནས་དོན་འདི་ལ་བསམ་ཚུལ་ཅི་ཡོད་ཅེས་ཆ་ཚང་བར་ཀློག་དཀའ་བའི་ཤོག་པར་ཞིག་བཏང་ནས་དེ་ཀློང་ཆེན་རབ་འབྱམས་པའི་གསུང་རེད་ཟེར། ངས་ནི་ཤོག་བུ་དེ་མཇལ་མ་མྱོང་བས། གློ་བུར་དུ་བསམ་ཚུལ་བརྗོད་པའི་སྤོབས་པ་ཞིག་ག་ནས་རྙེད་སྙམ་སྟེ་བཞག།
འོན་ཀྱང་། དེ་རིང་། སྔར་མཐོང་མྱོང་བ་དང་ད་ལྟ་བློ་ཡུལ་དུ་ཤར་བ་དག་ལ་སླར་ཡང་བསམ་གཞིག་ཅུང་ཟད་བྱས་ཤིང་། འཚོལ་ཆས་སྤྱད་དེ་བཀའ་བསྟན་གྱི་ཤོག་ངོས་འགར་མྱུལ་ཞིབ་ཀྱང་ལན་གཅིག་བྱས།
ཀློང་ཆེན་རབ་འབྱམས་པའི་གསུང་རེད་ཟེར་བ་དེའི་ཚིག་ནི། “ལོ་རྒྱུས་ཞེས་བྱ་བ་ལོ་དུ་མ་ལོན་པའི་རྒྱུས་ད་ལྟ་མཐོང་བ་དང་འདྲ་བར་གཏན་ལ་ཕེབས་པས་ན་ལོ་རྒྱུས་ཞེས་བྱའོ།།” ཞེས་པ་འདི་རེད།
བདག་གིས་ལོ་ཤས་གོང་སྟེ་སྤྱི་ལོ་ 2017 ཟླ་ 1 ཚེས་ 12 ཉིན་མཁས་དབང་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་ཀློག་ཞོར། “ལོ་དང་ལོ་ཡི་བྱུང་བ་རྒྱུས་སུ་སྟོན། །རྒྱུས་ཅན་མཁས་པའི་སྨྱུག་རྩེ་དུས་ལ་གཏད།།” ཅེས་དང་ཡང་། “རྒྱལ་ཐབས་རི་མོར་ཕབ་ལ་དེབ་ཐེར་ཞེས། །གྷི་རིག་ཏ་ཟིག་བོད་རྣམས་ལ་གྲགས།།” ཞེས་ཚིགས་བཅད་འགའ་དང་ལྷན་དུ་བྲིས་ཡོད། དེ་ནི་འཇུག་པ་བདེ་བ་གཙོ་བོར་བྱས་པ་ཙམ་ལས་སྐད་བརྡ་རིག་པའི་ཐོག་ནས་བཤད་ན་ལོ་རྒྱུས་ཀྱི་གོ་དོན་དངོས་ནི་དེ་མ་རེད།
གང་ལྟར། ལོ་རྒྱུས་ཀྱི་དོན་བཤད་པའི་ཚེ། གནད་དོན་ཡོད་ས་ནི་རྒྱུས་ཞེས་པ་དེ་རེད། གོང་གསལ་མཁས་མཆོག་ཀློང་ཆེན་པའི་གསུང་དུ་གསལ་བའི་རྒྱུས་ནི་བྱུང་བའམ་བྱུང་རབས་ལ་གོ་དགོས་པར་མངོན་ལ། སྔོན་ངས་བཤད་པའི་རྒྱུས་ནི་ཤེས་རྟོགས་ལ་གོ་དགོས།
དོན་དམ་དུ། ལོ་རྒྱུས་ཞེས་པའི་ཐ་སྙད་གྲུབ་སྟངས་ཤེས་པ་ལ་རང་རེ་བོད་ཀྱི་སྐད་ལ་མིང་བཟོ་སྟངས་དམིགས་བསལ་བ་ཞིག་ཡོད་པ་དེ་ཤེས་དགོས། འོན་ཀྱང་། དཔེར་བརྗོད་མང་པོ་དང་སྦྲགས་ནས་བསམ་གཞིག་ཡང་ཡང་མ་བྱས་ན་མིང་བཟོ་སྟངས་དེ་ལས་དང་པོ་བའི་བློ་ལ་འཆར་དཀའ།
གང་ལྟར། འདིར་སྐད་བརྡ་རིག་པའི་ཐོག་ནས་ཅུང་ཙམ་བཤད་ན། ལོ་རྒྱུས་ཞེས་པའི་དོན་དངོས་ནི། འདས་པའི་བྱུང་བ་གཙོ་བོ་རྣམས་ལོ་དུས་ཀྱི་སྲད་བུ་ལ་བརྒྱུས་ནས་སྟོན་པ་ལ་ལོ་རྒྱུས་ཟེར་ཞེས་པ་འདི་ཡིན། དེ་ཡང་ལོ་རྒྱུས་བརྗོད་པའི་ཚེ་ལོ་ཚིགས་བཟུང་ནས་ལོ་དེ་དང་དེའི་ནང་ལ་གནས་ཚུལ་དེ་དང་དེ་བྱུང་ངོ་ཞེས་བརྗོད་པ་སྟེ། ལོ་དུས་ཀྱི་སྲད་བུའམ་ལོ་ཡི་ཕྲེང་ཐག་ལ་བྱུང་བའི་ཕྲེང་རྡོག་རྣམས་བརྒྱུས་པ་ལ་དེ་སྐད་ཅེས་བརྗོད། དཔེར་ན། “རྟ་ཡི་ལོ་ལ་སྐྱབས་རྗེ་འཁྲུངས།” ཞེས་པ་ལྟ་བུ།
འོ་ན། ལོ་བརྒྱུས་མི་ཟེར་བར་ལོ་རྒྱུས་ཞེས་བརྗོད་པ་ཅི་ཡིན་ནམ་སྙམ་ན། དེ་ལ་སྔོན་གྱི་མཁས་པ་དག་གིས་མིང་བཟོ་བའི་ཚེ། དུས་ཀྱི་ཁྱད་པར་མི་སྟོན་པའི་ཚིག་ཅིག་བདམས་ཏེ་མིང་ཚིག་བཟོ་བར་གཙོ་འདོན་གནང་ཡོད། དཔེར་ན། སྐྱབས་གསུམ་ཞེས་པའི་སྐྱབས་ལྟ་བུ་ཡིན།དེ་ཡང་སྐྱོབ་མཁན་ནམ་སྐྱོབ་བྱེད་ལ་མིང་སྟབས་བདེ་ཞིག་བཟོ་བར་དགོངས་པའི་ཚེ་མཁས་པ་དག་གིས། མ་འོངས་པ་སྟོན་བྱེད་ཀྱི་བསྐྱབ་དང་། ད་ལྟ་བ་སྟོན་བྱེད་ཀྱི་སྐྱོབ། འདས་པ་སྟོན་བྱེད་ཀྱི་བསྐྱབས་བཅས་གང་ཡང་མ་ཡིན་པའི་ཚིག་ཅིག་བཙལ་ནས་རྙེད་ཡོད། དེ་ནི་སྐྱབས་ཞེས་པ་འདི་རེད།
དེ་བཞིན་དུ། བྱུང་རབས་སམ། ལོ་དུས་ལ་བརྒྱུས་པའི་བྱུང་བ་སྟོན་བྱེད་ཀྱི་མིང་བཟོ་བའི་ཚེ་ན་ཡང་མཁས་པ་དག་གིས། མ་འོངས་པ་སྟོན་བྱེད་ཀྱི་བརྒྱུ་དང་། ད་ལྟ་བ་སྟོན་བྱེད་ཀྱི་རྒྱུ། འདས་པ་སྟོན་བྱེད་ཀྱི་བརྒྱུས་ཏེ་དེ་གསུམ་གང་ཡང་མ་ཡིན་པའི་ཚིག་ཅིག་བདམས་ནས་“ལོ་རྒྱུས་”ཞེས་གཏན་ལ་ཕབ་ཡོད། དེ་ལྟར་ན། ལོ་རྒྱུས་ཞེས་པའི་རྩ་བའི་གོ་དོན་ངོ་མ་མི་ཤེས་རྒྱུ་མེད།
དཔེར་བརྗོད་གཞན་ཏེ། རྒྱགས་ཕྱེ་ཞེས་པའི་རྒྱགས། བྱིན་རླབས་ཞེས་པའི་རླབས། སྐེ་ཆིངས་ཞེས་པའི་ཆིངས། ཆིབས་པ་ཞེས་པའི་ཆིབས།ཡིད་སྲུབས་ཞེས་པའི་སྲུབས། བཏང་སྙོམས་ཞེས་པའི་སྙོམས། དམ་ཆོས་ཞེས་པའི་ཆོས། ཚོང་ལས་ཞེས་པའི་ཚོང་། གཞན་ཡང་། ཟས་དང་ལྟས་སོགས་ཐ་སྙད་འདི་དག་ཇི་ལྟར་བྱུང་བ་ལ་སོམས་དང་། ཡིད་ལ་འཁོར་མི་ཐུབ་པ་ཞིག་ནི་མ་རེད། འདི་ལྟར་བསམས་ན། ལོ་རྒྱུས་ཞེས་པའི་གོ་དོན་དང་སྒྲ་བཤད་གཉིས་ཀ་གསལ་བར་འགྱུར་བ་ཡིན།
སྤྱིར་ལོ་རྒྱུས་ཞེས་པའི་ཐ་སྙད་དེ་བོད་དུ་ཐོག་མར་ནམ་བྱུང་རྩད་གཅོད་པ་ནི་གྲུབ་འབྲས་ཅན་གྱི་ལས་ཀ་ཞིག་མ་རེད། འོན་ཀྱང་། ཐ་སྙད་དེ་བཀའ་བསྟན་གསུང་འབུམ་དང་བཅས་པར་བགྲང་གིས་མི་ལང་བར་ཡོད་པ་འུ་ཅག་གིས་ཤེས། དེ་ལ་བོད་ཀྱི་ལོ་ཙཱ་བ་དག་གིས་ལོ་རྒྱུས་སུ་བསྒྱུར་བའི་བསྒྱུར་གཞིའི་སྐད་དོད་“ཨི་ཏི་ཧཱ་སཿ”ཞེས་པའི་ཁུངས་བཙལ་བ་ན་མི་ལོ་ ༣༥༠༠ ཡི་གོང་དུ་བྱུང་ཡོད་ཅེས་ཕྱི་མི་དག་གིས་ཟེར།
“ཨི་ཏི་ཧཱ་སཿ”ཞེས་པ་འདི་གཞུང་ལུགས་འགའ་ཞིག་ཏུ་“དེ་ལྟ་བུ་བྱུང་བ”འམ། “དེ་བྱུང་”ཞེས་བསྒྱུར་ཡོད་ཀྱང་། དེ་བྱུང་གི་སྐད་དོད་ནི་“ཨི་ཏི་ཧཱ་སཿ”ཞེས་པ་འདི་གཅིག་བུ་མིན་པར་མངོན། དེ་ཡང་བྱེ་བྲག་རྟོགས་བྱེད་འབྲིང་བ་ལས། “ཨིཏིབྲྀཏྟཀ་ཞེས་བྱ་བ་ནི།ཨིཏིཨེབི་སྟེ་དེ་ལྟ་བུ། བྲྀཏྟིཀ་ཞེས་བྱ་བ་ནི་བྱུང་བའམ་འབྱུང་འགྱུར་ལ་བྱ་སྟེ། སྔོན་བྱུང་བའི་གཏམ་བཅོས་ཤིང་བཤད་པ་ཡིན་པས་ན་དེ་ལྟ་བུ་བྱུང་བའི་སྡེ་ཞེས་བྱ།” ཞེས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་སྐབས་སུ་གསུངས་ཡོད།
རྩ་བའི་ཆ་ནས་བཤད་ན། སློབ་དཔོན་ཟམ་གདོང་རིན་པོ་ཆེས་ལོ་རྒྱུས་དང་ལོ་རྒྱུས་རིག་པ་ཞེས་པའི་ཚབ་ཏུ་“དེ་བྱུང་”དང་“དེ་བྱུང་རིག་པ་”ཞེས་གསུང་བའི་གནད་ཀྱང་དེ་ལ་ཐུག་ཡོད་པར་འདྲ་ཡང་། བདག་གིས་ནི་ལེགས་སྦྱར་མི་ཤེས།
བོད་མི་ཚོས་ལོ་རྒྱུས་ཞེས་པའི་ཚབ་ཏུ་དེབ་ཐེར་ཞེས་འབྲི་བ་ཡང་ལན་མང་མཐོང་དུ་ཡོད། དེབ་ཐེར་ཞེས་པ་ལ་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས། “དེབ་ཀྱི་སྟེང་དུ་བྲིས་པའི་རྒྱལ་ཐབས་ཀྱི་ཡི་གེ་སོགས་ལ་དེབ་ཐེར་ཞེས་གྷི་རིག་དང་ཏ་ཟིག་རྣམས་ཀྱིས་འབོད་པའི་བརྡ་སོག་ཡུལ་དུ་སླེབས་ཏེ་དེབ་ཐེར་དང་། དེ་ནས་བོད་ཀྱིས་ཀྱང་བརྡ་ཆད་དེ་བླངས་ཏེ་རྒྱལ་རབས་ལ་དེབ་ཐེར་སོགས་སུ་བྲིས་སོ།།” ཞེས་གཏམ་རྒྱུད་གསེར་ཐང་དུ་གསུངས།
བཀའ་བསྟན་དུ་ལོ་རྒྱུས་ཞེས་པའི་ཐ་སྙད་འདི་བྲིས་ཡོད་པའི་དཔེ་མཚོན་འགའ་བཀོད་ན། དེ་ཡང་འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། “ཁོ་མོས་རྨི་ལམ་འདི་འདྲ་མཐོང་ན་དེ་ཡི་ལོ་རྒྱུས་གསོན། །བྲམ་ཟེ་རྣམས་ཀྱིས་སྨྲས་པ། ལྷ་མོ་བཀའ་སྩལ་དུ་གསོལ། ཁྱོད་ཀྱིས་རྨི་ལམ་ཅི་འདྲ་བ་ཞིག་གཟིགས། ཐོས་ནས་ཀྱང་དཔྱད་པར་བགྱིའོ། །ལྷ་མོས་སྨྲས་པ། ཁ་བ་དངུལ་གྱི་མདོག་འདྲ་ཉི་ཟླའི་འོད་ལས་འཕགས་པ་སྟེ། །རྐང་ལག་ལེགས་ཤིང་རབ་འབྱེས་མཆེ་བ་དྲུག་ལྡན་ཆེ་བ་ཉིད། །གླང་པོའི་དམ་པ་རྡོ་རྗེ་བཞིན་དུ་ཚིགས་བརྟན་གཟུགས་བཟང་བ། །བདག་གི་རུམ་དུ་ཞུགས་ན་དེ་ཡི་ལོ་རྒྱུས་མཉན་པར་གྱིས།།” ཞེས་གསུངས།
མདོ་མཛངས་བླུན་ལས། “དེའི་འོག་ཏུ་སངས་རྒྱས་ལོག་པར་དད་སེལ་ཡང་དགེ་སློང་གི་དགེ་འདུན་དང་བཅས་པ་འདིར་གཤེགས་ནས་སྔོན་གྱི་ལོ་རྒྱུས་བསྟན་ཏོ། །དེའི་འོག་ཏུ་སངས་རྒྱས་གསེར་ཐུབ་ཀྱང་འདིར་གཤེགས་སོ། །དེའི་འོག་ཏུ་སངས་རྒྱས་འོད་སྲུང་ཡང་ཉེ་གནས་རྣམས་དང་འདིར་གཤེགས་ཏེ། སྔོན་གྱི་ལོ་རྒྱུས་བསྟན་ཏོ།།” ཞེས་གསུངས།
བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་ལས། “འདིར་ཕྱི་རོལ་དུ་ཉ་ལ་སོགས་པའི་ལོ་རྒྱུས་ཚངས་པའི་དྲང་སྲོང་གདུག་པ་རྣམས་ཀྱིས་བྱིས་པ་རྣམས་བསླུ་བའི་སླད་དུ་བཀོད་པ་གང་ཡིན་པ་དེ་ནི་དམྱལ་བ་འཐོབ་པའི་རྒྱུ་སྟེ་འཆད་པར་འགྱུར་བ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་རྒྱས་པར་བརྗོད་པར་བྱའོ།།” ཞེས་གསུངས་ཡོད།
གཞན་ཡང་བསྟན་འགྱུར་ཁྲོད་དུ། “འཇིག་རྟེན་དབང་ཕྱུག་ལས་གྲུབ་པ་ཐོབ་པའི་ལོ་རྒྱུས་བཞུགས་སོ།།” ཞེས་བསྟན་བཅོས་ཀྱི་མཚན་བྱང་དུ་བཀོད་པའང་ཡོད། དེ་ལྟར་བཀའ་བསྟན་གསུང་འབུམ་སོགས་སུ་ཐ་སྙད་འདི་ཤིན་ཏུ་མང་ངོ་།།
ཤེས་རབ་དར་རྒྱས་ཀྱིས།
སྤྱི་ལོ་ 2021 ཟླ་ 2 ཚེས་ 25 ཉིན་བྲིས་སོ།།
Comments