top of page
Search

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཕྱག་བྲིས།

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Feb 20, 2021
  • 1 min read

ree
ree

རིང་ནས་མཛའ་བའི་ཆོས་གྲོགས་འཇོར་རྗེ་གང་དེར། གུས་གསོལ། བར་སྐབས་ སུ་སྐུ་དཀྱིལ་དྭངས་ཤིང་མཛད་ཕྲིན་ཡར་རྒྱས་སུ་བཞུགས་པ་གཞིར་བཅས། ཕྲན་བུ་ཡང་ལྷ་ལྡན་དུ་འབྱོར་ནས་བདེ་བར་ཡོད། མི་རིང་བར་ཟླ་ཤས་ཀྱི་རྗེས་སུ་སླར་ཡང་རྒྱ་གར་དུ་འཁོར་རྩིས་ཡོད། རང་ཅག་གིས་བྲིས་པའི་དབྱིན་ཡིག་གི་སྟོང་ཉིད་སྐོར་གྱི་དཔེ་ཆ་དེ་ཇི་ལྟར་བྱེད་གྱིན་(ཀྱིན་)ཡོད་པ་བཀའ་གསལ་ཞུ། འདིར་ཕྲན་གྱི་གྲོགས་པོ་སྐུ་དྲག་ཞིག་(ཅིག་)ལ། མེ་དྷམ་ Blavatsky [ཡི་]དཔེ་ཆ་མོ་རང་གིས་བརྩམས་པ་རྣམས་དང་། Ouspensky [ཡི་]དཔེ་ཆ་དང་པོ་གཉིས་ཤིན་ཏུ་མཁོ་བར་འདུག་པས། དེབ་དེ་རྣམས་ཀྱི་རིན་པ་ག་ཚོད་དང་། address གང་ཡིན་གསལ་པོ་ཞིག་ཅིས་ཀྱང་ཕྲན་ལ་ཡི་གེ་གནང་རོགས་ཞུ། ཡང་ཕྲན་གྱི་གྲོགས་པོ་སེ་ར་བྱེས་པའི་ལྷ་རམས་པ་དགེ་བཤེས་ཆོས་གྲགས་བྱ་བ། འཁྲུངས་ཡུལ་སོག་པོ་པོ་རད་ནས་ཡིན་ཞིང་། རིག་གནས་དང་མཚན་ཉིད་གང་ལ་ཡང་སྐུ་ཡོན་འགྲན་ཟླ་བྲལ་བ། འདི་ཀའི་སྐུ་དྲག་མང་པོའི་དགེ་རྒན་ཡིན་པ་ཞིག་ཡོད་པ་དེ། སྔར་བྷར་ནད་ནས་ཚ་རོང་བརྒྱུད་ཨ་མེ་རུ་ཀར་ཡང་གདན་ཞུ་བྱས་པ་ཕེབས་མ་ཐུབ། ཁོང་[གིས་]ཨུ་རུ་སིའི་སྐད་ཡིག་ཀྱང་ཅུང་ཟད་མཁྱེན་ཞིང་། སོག་ཡིག་ལ་ནི་མཁས་པའི་ཕུད་དུ་ཕྱིན་པས། ཁྱེད་ཀྱི་བཞུགས་སར་ཕེབས་ནས་ཨུ་རུ་སིའི་སྐད་ཡིག་ལེགས་པར་བསླབས་ན་སྙམ་པའི་ཐུགས་བཞེད་འདུག་པས། ཁྱེད་ཀྱི་དགོངས་པ་གང་ཡིན་གསལ་པོར་གསུང་རོགས་གནང་། ཕྲན་ལ་ཡི་གེ་བཏང་ཚེ་ཕྲན་གྱི་ཁ་ཡིག་ནི། ལྷ་ས་ཆུ་སྲིན་ཤར་བརྒྱུད་ཨ་མདོ་དགེ་འདུན་ཆོས་འཕེལ་ལ་སྤྲོད། C/o Dharmaratna Gyaling Chogpa Gyantse Tibet འདི་བཞིན་དང་། ཡང་ན་ཚ་རོང་བརྒྱུད་ནས་བཏང་ན་ཡང་འཕྲོད་ངེས་ལགས། ལོ་ངོ་མང་པོའི་རྗེས་སུ་ལྷ་སར་སླེབས་པས། ལྷ་ས་གསར་བ་ཞིག་སྣང་། འདིར་དིང་སང་གསར་བའི་ཡོན་ཏན་ཡོད་པའི་མི་མང་པོ་དང་། སྟོན་པ་ཐྲརོ་ས་ཀེའི་(Trotsky)ལུགས་ལ་མོས་པ་སོགས་ཀྱང་མང་དུ་འདུག། ཕྲན་རྒྱ་གར་ནས་གསར་དུ་འབྱོར་བ་ཐོས་ནས། འདིར་ཟླ་བ་གཅིག་ཙམ་གྱི་རིང་ལ་སྐུ་དྲག་སོ་སོའི་ནང་དུ་འབོད་མཁན་དང་། ངོ་མཚར་བའི་སྐད་ཆ་དྲི་(འདྲི་)མཁན་བར་མེད་དུ་བྱུང་། ཚད་བཞི་བ་ fourth dimension ལབ་སྟེ་ཐམས་ཅད་དགའ་བར་བྱས། ཁྱེད་རང་བརྒྱུད་ནས་ཨ་མདོ་ནས་རྒྱལ་སྲས་ནས་བཏང་བའི་ཡི་གེ་འབྱོར་བ་ཐུགས་རྗེ་ཆེ། གཞན་གསར་གནས་ཅང་མ་མཆིས། བཀྲ་ཤིས་སྨོན་འདུན་བཅས། ཨ་མདོ་དགེ་འདུན་ཆོས་འཕེལ།(མཚན་རྟགས།) 25/8/45 འགྲེལ་བཤད། གོང་དུ་“བྷར་ནད་”ཅེས་བྲིས་ཡོད་པ་ནི། ཨ་རི་བ་ Theos Bernard ཡང་ན་བླ་མ་དཀར་པོ་སྟེ་ White Lama ཞེས་པ་བོད་ལ་ཕེབས་ཤིང་ཚ་རོང་ཟླ་བཟང་དགྲ་འདུལ་ལ་འབྲེལ་བ་བྱུང་སྟེ། ཆོས་གཞུང་དང་བོད་ཀྱི་ཅ་དངོས་མང་པོ་ཨ་རིར་འཁྱེར་མཁན་དེ་རེད། ཤེས་རབ་དར་རྒྱས་ཀྱིས་དབུ་ཅན་དུ་ཕབ།

 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

Comments


Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page