མགྱོགས་བྲིས།
- ཤེས་རབ་དར་རྒྱས། Sherab Dharge
- Jan 10, 2021
- 1 min read
Updated: Jan 11, 2021

•ཞིབ་ཙམ་བསམས་ན། རིག་གཞུང་ཐ་དད་པས་བསྐྱེད་པའི་མིའི་རིགས་ཀྱི་སེམས་ཁམས་དང་བསམ་པའི་འཁྱེར་སོ་ནི་ཧ་ལས་དགོས་པ་ཞིག་ཅིས་ཀྱང་རེད།
•ལག་ལེན་ཐམས་ཅད་བསམ་པའི་འཁྱེར་སོ་ལས་བྱུང་ཞིང་། བསམ་པའི་འཁྱེར་སོ་ལས་སྤྱི་ཚོགས་ཀྱི་གོམས་སྲོལ་བྱུང་བའི་བརྒྱུད་རིམ་འདི་དུས་ཐུང་བསམ་གཞིག་ལྟ་བུས་དཔོག་ཐུབ་པ་ཞིག་གཏན་ནས་མིན་ཡང་། ང་ཚོས་ཉིན་རེ་བཞིན་མཐོང་བཞིན་པ་ནི་མིའི་རིགས་ཀྱི་ལག་ལེན་རེད།
•ནུབ་ཕྱོགས་བུ་མོ་གྷི་རེ་ཏ་(Greta Thunberg)ཡིས་བྱེད་སྟངས་གཅིག་གིས་ཁོར་ཡུག་ཆུང་ཆུང་ཞིག་དཀྲོགས་པའི་ཉིན་མོ་དེ་ནས་བཟུང་། ནུབ་ཕྱོགས་པ་ཚོས་བུ་མོ་དེའི་ཡོན་ཏན་ལ་ཡི་རངས་དང་བསྔགས་བརྗོད་བྱེད་མགོ་བཙུགས་སོང་ལ། བུ་མོ་དེའི་ནུས་པ་ཡང་འཕེལ་མགོ་ཚུགས་ཏེ། ད་ནི་འཛམ་གླིང་ན་སྙན་གྲགས་འཕེལ་བཞིན་ཡོད།

•བུ་མོ་དཀྱུས་མ་ལོ་ཆུང་ཞིག་གི་ཡོན་ཏན་ལ་དེ་ལྟར་བསྔགས་བརྗོད་དང་སེམས་གཏིང་ནས་ཡི་རངས་བྱས་པ་ཙམ་ལ་ཡང་ཧ་ལས་དགོས་པའི་རྒྱུ་མཚན་མང་། ལར་ནས། ཆོས་ཀྱིས་འཚོ་ཞིང་ཆོས་ལ་འཐམ་པའི་ཡུལ་ལུང་མང་པོར་གནས་ཚུལ་འདི་ལྟ་བུ་མཐོང་དཀོན།
•བསྡུས་ཏེ་བཤད་ན། ནུབ་ཕྱོགས་པའི་ཁྱད་ཆོས་རྨད་དུ་བྱུང་བ་ཞིག་ང་ཚོར་མེད་པ་ནི། སུ་ཞིག་ལ་ནུས་པའམ་ཡོན་ཏན་ནམ་རྣམ་དཔྱོད་དམ་འཇོན་ཐང་ཡོད་ན། དེ་ལ་ཕྲག་དོག་གིས་འབུར་འཇོམས་མི་བྱེད་ཅིང་། མ་ཤེས་མ་གོ་བའི་ཚུལ་བཟུང་ནས་བཏང་སྙོམས་སུ་མི་འཇོག་པར་འཕྲལ་དུ་བདག་པོ་བརྒྱབས་ནས་མི་དེའི་ནུས་པ་ཡོད་ཚད་སྤྱི་ཚོགས་སུ་འདོན་དུ་འཇུག་པ་དེ་རེད། འདི་ནི། མི་རིགས་སམ། རྒྱལ་ཁབ་བམ། སྤྱི་ཚོགས་དེ་ཡར་རྒྱས་སུ་འགྲོ་བའི་རྩ་བ་རེད། ཕྲག་དོག་འབུར་འཇོམས་དང་སྣང་མེད་བཏང་སྙོམས་སུ་འཇོག་པ་ལ་ཡུན་རིང་གོམས་པའི་མི་རིགས་དེར་རེ་བ་དེ་ཙམ་མེད།
•ནུབ་ཕྱོགས་པའི་བསམ་པའི་འཁྱེར་སོ་དེའི་འོག་ནས། ལོ་ཤས་གོང་པ་ཀི་སི་ཐན་གྱི་བུ་མོ་མ་ལ་ལ་(Malala Yousafzai)འཛམ་གླིང་གི་སྡིངས་ཆ་མཐོན་པོའི་སྟེང་བསྐྱལ་སོང་ལ། ཉེ་ལམ་ནས་བུ་མོ་གྷི་རེ་ཏ་(Greta Thunberg)ལ་ཡང་དེ་བཞིན་བྱེད་ཀྱིན་ཡོད། དཔེ་མཚོན་གཞན་ཡང་མང་དུ་ཡོད།

•ཨ་རི་རྒྱལ་ཁབ་དེ་འཛམ་གླིང་གི་ཆེས་སྔོན་ཐོན་དུ་གྱུར་པ་ཡང་བསམ་པའི་འཁྱེར་སོ་དེ་ག་རང་ལ་ཐུག་ཡོད། འཇིག་རྟེན་གྱི་བྱ་དངོས་བཟང་བའམ་ལེགས་པ་གང་ཞིག་ཨ་རིར་མེད་ན། དེ་མ་ཐག་ནང་འདྲེན་བྱས་ཏེ་དར་སྤེལ་དུ་གཏོང་བ་ཡིན། དཔེར་ན། ཨ་རིའི་ནང་རྙེད་དུ་མེད་པའི་མ་ཆེན་ནམ་ཇ་མ་ལག་རྩལ་ཅན་ཞིག་ཕྱི་རུ་ཡོད་ན། དེ་ལ་ལུང་པ་དེར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ནས་ཐོངས་མཆན་མ་སྤྲད་ན་ཁྲིམས་འགལ་ཡིན། གནད་དོན་ཆུང་ཆུང་འདིའི་སྟེང་ནས་ཀྱང་ཨ་རིའི་ཡར་རྒྱས་ཀྱི་རྩ་བ་ངོ་མ་དེ་མཐོང་ཐུབ།
•ང་ཚོས། ཨ་མའི་བུ་ལ་འཇོན་ཐང་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་བདེན་དུ་སྲིད་ཀྱང་། དཔའ་བོ་ཁེར་རྒྱུག་གིས་ནུས་པ་ཅི་ཙམ་འདོན་ཐུབ་མིན་ཀུན་ལ་རྒྱུས་མངའ་ཡོད་པ་དེ་རེད། ང་ཚོར། ངོ་ཤེས་དང་རྒྱབ་རྩ། ངོ་སོ་དང་སྤྲེལ་ལད་སོགས་ཡིད་ཐང་ཆད་པའི་གནས་ཚུལ་ཧ་ཅང་མང་། དངོས་ཡོད་ཙམ་ཞིག་དྲང་པོར་བཤད་ན་ཡང་། ཡོ་བསྲང་བྱེད་རྒྱུའི་ཚབ་ཏུ་གཏིང་ནད་བཟུང་སྟེ། འཁོན་ལན་སློག་གང་ཐུབ་བྱེད། ད་དུང་འདི་ལྟར་འཚོ་དགོས་སམ།
•གང་ལྟར། ཨ་རིས་དེ་ལྟར་བྱེད་པ་ནི་འཇིག་རྟེན་གྱི་ལེགས་པ་དང་བཟང་བ་ཚང་མ་ཁོ་ཚོར་ཡོད་དགོས་པ་དང་ཚང་དགོས་པར་འདོད་པའི་སྟབས་ཀྱིས་རེད། དེ་ལྟར་ཨ་རི་རྒྱལ་ཁབ་ཆེན་པོ་དེ་ཉིད་སྟོབས་ཆེན་དང་ཀུན་གྱིས་སྨོན་ཡུལ་དུ་གྱུར་པ་ཡིན། འོན་ཀྱང་། ཡུལ་ལུང་འགའ་ཡིས་གཞན་ནས་ནང་འདྲེན་བྱེད་རྒྱུ་ཕར་ཟད། རང་ལ་ཡོད་པ་དེར་ཡང་བདག་པོ་རྒྱག་འདོད་མི་བྱེད། བསམ་པའི་འཁྱེར་སོ་ངན་པ་དེའི་དབང་གིས་རང་གཞན་གཉིས་ཀར་གྱོང་གུན་ཕོག་ནས་ཡུལ་ལུང་ཧྲིལ་པོས་རྗེས་ལུས་ཀྱི་ངོ་བོ་འདོར་མ་ཐུབ་པར་གནས་ཡོད།
•བསླབ་བྱ་ནི། ཕྲག་དོག་འབུར་འཇོམས་དང་སྣང་མེད་བཏང་སྙོམས་སུ་འཇོག་པའི་ངན་གོམས་སྐྱུག་བྲོ་བོ་དེ་དག་དོར་ནས། སྤྱི་སྒེར་གཉིས་ཐད་ནས་གཞོན་རབས་རྣམ་དཔྱོད་ཅན་དག་གི་ནུས་པ་མཐའ་མེད་དུ་འཕེལ་བ་ལ་ཐབས་དང་སྒོ་སྣ་ཚོགས་ནས་འབད་པ་བྱེད་དགོས་པ་དེ་ཡིན།
Comments