དྲན་རྒྱུ་དང་བྱེད་རྒྱུ་མང་པོ་འདུག་མ་དགོངས་རོགས།
- ཤེས་རབ་དར་རྒྱས། Sherab Dharge
- Sep 30, 2021
- 2 min read
Updated: Sep 27, 2022
མང་པོས་མོས་མཐུན་མི་གནང་བ་ཤེས་ཀྱང་། རང་ཉིད་ཀྱི་བསམ་ཚུལ་ངོ་མ་ནི་འདི་ཡིན།

༡) གསལ་བཤད། གཟའ་འཁོར་འགའ་ཞིག་གི་གོང་ནས་བསམ་གཞིག་མང་དུ་བྱས་ཤིང་གནད་དོན་དུ་མ་གུང་བསྒྲིགས་ཏེ། <<ད་འུ་ཅག་ལ་འདམ་ཀ་མང་པོ་མེད།>> ཅེས་པའི་གཤམ་གསལ་རྩོམ་ཡིག་འདི་བྲིས་ཏེ་སྤྱི་ལོ་ 2021 ཟླ་ 9 ཚེས་ 25 ཉིན་ཚར་བར་བྱས་ཀྱང་། ཕྱོགས་གཉིས་ཀ་ནས་མཁྲེགས་པོ་གནང་བཞིན་པ་དང་། གུས་པ་རང་ཉིད་ངོ་དེབ་སོགས་སུ་མེད་པས་མི་རྣམས་ཀྱི་དགོངས་ཚུལ་ཇི་བཞིན་མི་ཤེས་པ་སོགས་ལ་བརྟེན་ནས་རེ་ཞིག་དྲ་ཐོག་ཏུ་འཇོག་འདོད་མ་བྱུང་། ད་ལྟ་༸གོང་ས་མཆོག་ལ་ལམ་སྟོན་ཞུས་འདུག་པའི་གནས་ཚུལ་དེ་ཐོན་སོང་བས། གུས་པ་རང་ཉིད་དང་འདྲ་བའི་མི་དམངས་ཀྱི་བསམ་བློ་བརྟན་བརླིང་དུ་གནས་ཐབས་དང་། གླེང་རྙོག་འདི་ཞི་འཇགས་སུ་འགྲོ་བ་སོགས་ལ་དམིགས་ཏེ་རྩོམ་ཡིག་འདི་དྲ་ཐོག་ཏུ་འཇོག་པར་འདོད་ལ།དེ་ནི་མ་འཇོན་འཇོན་མདོག་དང་། མ་ཤེས་ཤེས་ཁུལ་གྱིས་བྱས་པ་ཞིག་མིན། གཤམ་དུ་སྔོན་གྱི་ལོ་རྒྱུས་དུམ་བུ་འགའ་བྲིས་པ་དེ་ཡང་། བསམ་བློ་ངན་པས་ཀུན་ནས་བསླངས་པ་མ་ཡིན་པར་འདས་པའི་ལོ་རྒྱུས་ནང་ཕྱོགས་འཐེན་དང་རིས་གཅོད་ཀྱི་དབང་གིས་ནང་ཁུལ་མི་མཐུན་པ་བྱུང་ཞིང་།དེ་ལ་བརྟེན་ནས། གཞན་གྱིས་གོ་སྐབས་བཟུང་སྟེ་བོད་ཀྱི་གནས་བབ་དེ་ད་ལྟའི་གནས་སྐབས་འདི་འདྲར་གྱར་བའི་ཚུལ་དེ་དྲན་གསོ་ཞུ་འདོད་པ་ཙམ་ཡིན།
༢) འབོད་སྐུལ། གཤམ་དུ་བྲིས་པ་ཚང་མ་ཀློག་མི་ཐུབ་ཀྱང་གཤམ་གྱི། ལམ་སྟོན་གསོལ་འདེབས་དང་སྔོན་འགྲོའི་ཆ་རྐྱེན། ཞེས་པའི་ཚན་པ་དེ་ངེས་པར་དུ་ཀློག་རོགས་ཞུ། བཀའ་དྲིན་ཆེ།
<<ད་འུ་ཅག་ལ་འདམ་ཀ་མང་པོ་མེད།>>
ཀུན་སློང་།
དེང་སྐབས་སུ་ཞིག་གིས་བཀའ་མོལ་ཅི་ཞིག་གནང་ཡང་། ཕྱོགས་དང་རིས་སུ་བཅད་དེ་དྲ་ཐོག་ནས་ཁ་རྡུང་གཏོང་བ་དང་། གང་ཐུབ་ཀྱིས་ནག་པོ་བཟོ་ཐབས་བྱེད་བཞིན་པ་ཚང་མས་མཁྱེན། རྒྱུ་མཚན་དེའི་དབང་གིས། རང་རང་ལ་དགོངས་ཚུལ་གསུང་རྒྱུ་ཡོད་ཀྱང་ཞལ་མ་གྲག་པར་བཞུགས་མཁན་ཧ་ཅང་མང་། དེ་ལྟ་ནའང་། བོད་མིའི་སྒྲིག་འཛུགས་འདི་གཡང་ཁ་ནས་ཟགས་ཏེ་འཐོར་ལ་ཉེ་བ་ལྟ་བུ་ཞིག་ཏུ་གྱུར་ཡོད་པས། ཡི་གེ་འགའ་ཡང་མ་བྲིས་པར་སྡོད་ཐབས་མེད་པའི་ཚོར་སྣང་འདི་སྔར་ནས་བྱུང་། དེ་ནི་འདི་འབྲི་བའི་ཀུན་སློང་ཡིན།
ཉེན་བརྡའི་ངོ་བོར་སྩལ་བའི་རྒྱལ་བའི་བཀའ་སློབ།
འུ་ཅག་གིས་རང་རང་གི་ལངས་ཕྱོགས་དང་མ་མཐུན་ན་རྒྱལ་བའི་བཀའ་སློབ་ཡིན་ཡང་དེ་ཙམ་གཙིགས་འཛིན་དང་གླེང་སློང་མི་བྱེད། ཁ་གཏད་ལ་གནོད་པ་ཞིག་ཡིན་ན།བཀའ་སློབ་ཡང་ཡང་ལུང་འདྲེན་བྱེད་པའི་ལམ་སྲོལ་ལྟ་བུ་ཞིག་སྔར་ནས་ཡོད། གང་ལྟར།སྤྱི་ལོ་ 2010 ཟླ་ 8 ཚེས་ 31 ཉིན་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཇུག་བསྡོམས་མཛད་སྒོར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་རྣམས་ཀྱིས་གཟབ་གཟབ་གནང་དགོས་པའི་ཉེན་བརྡ་དམིགས་བསལ་བ་ཞིག་སྩལ་ཡོད།དེ་ནི། “ང་ཚོ་བཙན་བྱོལ་རྒྱ་ཆེའི་མི་མང་གི་ཡིད་ཆེས་ཡོད་པའི་མི་ཞིག་[བཀའ་བློན་ཁྲི་པར་]སླེབས་སོང་ན་དེ་ལ་ངས་ཡིད་ཆེས་བྱེད་ཆོག་པ་དང་། འགྲིག་མ་འགྲིག་བྱུང་ན་ངས་ཤ་གཅུས་བརྒྱབ་ཆོག་གི་རེད། ད་ལྟ་ཁྱེད་རང་ཚོས་དོ་སྣང་ཆེན་པོ་བྱེད་པ་ཧ་ཅང་ཡག་པོ་རེད། དེ་བཞིན་སྤྱི་འཐུས་འོས་འདེམས་བྱེད་རྒྱུར་ཡང་ཚང་མས་གཟབ་གཟབ་བྱེད་དགོས། ལུང་པའི་ཕྱོགས་འཐེན་གྱི་བཟོ་འདྲ་པོ་དང་། ཆོས་ལུགས་ཕྱོགས་འཐེན་གྱི་བཟོ་འདྲ་པོ་རྩ་བ་ནས་བྱེད་རྒྱུ་མེད་ཅེས་ངས་སྔོན་མ་ནས་ཐེངས་མང་པོ་བརྗོད་ཡོད། བར་སྐབས་ཞབས་འདྲེན་གྱི་གནས་ཚུལ་ཕྲན་བུ་བྱུང་བ་དེ་ཚོ་རྒྱ་ཕྱོགས་ནས་བེད་སྤྱོད་གང་འདྲ་བྱས་མ་སོང་ངམ། དེར་བརྟེན། གཟབ་གཟབ་མ་བྱས་ན་དགྲ་དགའ་གཉེན་སྡུག་ཟེར་བ་དེ་བྱེད་ཀྱི་ཡོད་པས། ཁྱེད་རང་ཚོས་གཟབ་གཟབ་བྱེད་དགོས།” ཞེས་པ་འདི་རེད། འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱོགས་བསྒྲིགས་གནང་བའི་<<མང་གཙོའི་ལམ་བུ་>>ཞེས་པའི་ཤོག་ངོས་ ༡༨༤ ན་གསལ།
ཡང་སྤྱི་ལོ་ 2012 ཟླ་ 8 ཚེས་ 3 ཉིན་ལ་དྭགས་སུ་བོད་རིགས་རྣམས་ལ་བཀའ་སློབ་གནང་སྐབས། ད་ལྟའི་གནས་སྟངས་འདི་ཡོང་ངེས་པའི་བཀའ་སློབ་ཧ་ཅང་ཞལ་གསལ་པོ་ཞིག་སྩལ་ཡོད། དེ་ཡང་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། “དེ་རིང་ཁ་སང་ཤོད་སྟངས་མང་པོ་ཞིག་ལ་གཟབ་གཟབ་མ་བྱས་ན། ང་ཚོ་ད་ལྟ་བར་དུ་བཙན་བྱོལ་བ་ཆིག་འབུམ་ལྔ་ཁྲི་ཙམ་ཡོད་པ་རྡོག་ལ་བསྒྲིལ་བསྡད་པ་དེ་ད་རིམ་པས་རིམ་པས་རལ་པོ་ཁ་ལུག་ཟེར་བ་དེའི་བཟོ་འདྲ་པོ་ཡོང་བའི་ཉེན་ཁ་འདུག་ག །དེ་ལ་ཚང་མས་བསམ་བློ་ཏན་ཏན་བཏང་ན་མ་གཏོགས།” ཞེས་བཀའ་སྩལ་ཡོད། འོན་ཀྱང་། བོད་མི་མང་པོས་ཉེན་བརྡའི་བཀའ་སློབ་འདི་ལྟ་བུ་ཞིག་སྩལ་ཡོད་པ་ཙམ་ཡང་མི་མཁྱེན་པ་འདྲ། གང་ལྟར་ཡང་། རལ་པོ་ཁ་ལུག་ཅེས་པ་ནི་སྣོད་ལྟ་བུ་ཞིག་ལ་མཚོན་ན། ཁ་ནས་མར་རལ་ཏེ་ལུག་བསྡད་པ་ལ་ཟེར་བ་ཡིན། ད་ལྟའི་རྒྱུགས་ཆེ་བའི་ཐ་སྙད་ཅིག་བེད་སྤྱོད་བཏང་ན། སྦོ་ལུག་པ་ཟེར་བ་དེ་རེད།
འདས་པའི་ལོ་རྒྱུས་དང་པོ།
ད་ལྟའི་བཙན་བྱོལ་གྱི་གནས་བབ་ལ་བལྟས་ན། འདས་པའི་དུས་སུ་བྱུང་བའི་ལོ་རྒྱུས་ཡ་ང་རྣམས་སླར་ཡང་བསྐྱར་ཟློས་བྱེད་བཞིན་པའི་ཚོར་བ་ཞིག་དབང་མེད་དུ་བསྟེར། ང་ཚོས་ལོ་རྒྱུས་ཤེས་པ་ཙམ་གྱིས་མི་ཆོག་པར་ལོ་རྒྱུས་ལས་བསླབ་བྱ་བླངས་ཏེ། ཆེས་ཡ་ང་བའི་ལོ་རྒྱུས་དེ་དག་བསྐྱར་ཟློས་བྱེད་མི་ཉན་ལ། ཆབ་སྲིད་པ་མགོ་བདེ་དྲན་འཕྲུལ་དག་གི་གཡོ་ཐབས་དང་ཤུགས་རྐྱེན་ཡང་དང་ལེན་བྱེད་མི་རུང་། ལོ་རྒྱུས་བྲིས་ཤིང་བཤད་པའི་དགོས་པ་གཙོ་བོ་ཞིག་ནི་དེ་རེད།
དེས་ན། འདི་ལྟར་བརྗོད་པར་འདོད་དེ། དེ་ཡང་རྒྱལ་མཆོག་ལྔ་པ་ཆེན་མོ་ཞལ་བཞུགས་པའི་དུས་སུ། བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོ་དེ་ཉིད་དུས་ཚོད་ལ་དཔག་པའི་གྲ་འགྲིག་པོ་དང་འཐུས་སྒོ་ཧ་ཅང་ཚང་བར་གནས་ཡོད། འོན་ཀྱང་། རྒྱལ་དབང་ལྔ་པ་མྱ་ངན་ལས་འདས་པ་ཡོངས་གྲགས་སུ་གྱུར་པའི་རྗེས་སུ་ནང་ཁུལ་མི་མཐུན་པ་དང་མི་རིགས་གཞན་གྱི་ཐེ་གཏོགས་དང་ལེན་གནང་བ་ཉིས་ཚོགས་ལ་བརྟེན་ནས། མཐའ་མར། བོད་སྡེ་པ་གཞུང་ལ་བཀའ་དྲིན་ལྷག་པར་ཆེ་བ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་མགུལ་བཅད་དེ་བཀྲོངས་ཤིང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལྷ་སའི་མཐིལ་ནས་བསྐྲད། དེ་ལྟར་རྟེན་འབྲེལ་ཉེས་པའི་མགོ་བཙུགས་པ་ནས་བོད་ལ་ཉམས་ཉེས་རྒྱུན་མ་ཆད་པར་བྱུང་། གསལ་པོར་བཤད་ན། བོད་ཀྱི་དཔོན་རིགས་དང་གནད་ཡོད་མི་སྣ་ཚོ་ནང་ཁུལ་གཅིག་ཏུ་བསྒྲིལ་མ་ཐུབ་པ་དེ་ཁོ་ནས་བོད་ལ་གོད་ཆག་རིམ་པར་འབྱུང་བའི་སྒོ་ཕྱེ་བ་རེད།
འདས་པའི་ལོ་རྒྱུས་གཉིས་པ།
རྒྱལ་མཆོག་བདུན་པ་ཆེན་པོ་དབུས་སུ་ཕེབས་པའི་དུས་དང་། དེའི་སྔ་གཞུག་ཏུ་བོད་དུ་ནང་འཁྲུག་ཆེ་ཆུང་སྣ་ཚོགས་བྱུང་། བཀའ་བློན་རྣམས་ཀྱི་ཁྲོད་ནས་ཁང་ཆེན་པ་བསོད་ནམས་རྒྱལ་པོ་(དའི་ཆིང་བཱ་དུར་)དང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་གཉིས་ཕྱོགས་གཅིག་དང་། ང་ལུམ་སྦྱར་གསུམ་ཕྱོགས་གཅིག་བཅས་ཕྱོགས་ཁག་གཉིས་སུ་གྱེས་ཏེ། ང་ལུམ་སྦྱར་གསུམ་གྱིས་ཁང་ཆེན་པ་སོགས་དམར་གསོད་བྱས། དེ་ནས་མན་ཇུའི་དམག་མི་ཁྲི་གཅིག་བོད་དུ་ཡོང་སྟེ་ང་ལུམ་སྦྱར་གསུམ་དམར་གསོད་བཏང་ཞིང་ཨམ་བན་གཏན་སྡོད་བྱེད་དུ་བཅུག །ཞྭ་སྒབ་པས་ཀྱང་། བོད་ཀྱི་དཔོན་རིགས་ཚོས་ནང་ཁུལ་དབང་རྩོད་དང་དམག་འཁྲུག་བསླངས་ནས་“རིང་པོར་མ་སོང་བར་མན་ཇུ་༸གོང་མ་ནས་བཏང་བའི་ཨ་ལི་ཁན་ཨམ་པ་དང་། མེ་རིང་ཛཾ་གི་ལ་སོགས་པ་དཔུང་དམག་སྟོང་ཕྲག་བཅུ་དང་བཅས་འབྱོར། ་་་ ཨ་ལི་ཁན་ཨམ་པ་དང་། མེ་རིང་ཛཾ་གི་ལ་སོགས་པ་དཔུང་དམག་ཕྱིར་ལོག་གིས་ཏཱ་ལའི་བླ་མ་རིན་པོ་ཆེའི་ཞབས་ཞུ་ཡིན་ཚུལ་མེ་ཏཱ་ཞིན་དང་། སེང་ཏཱ་ཞིན་ཟེར་བའི་ཨམ་བན་གཉིས་ལ་རྒྱ་དམག་སྟོང་ཕྲག་གཉིས་བཅས་བསྡད་པ་དེ་ནི་ཕོ་ལྷ་ཐའི་ཇི་རང་ཉིད་ཀྱི་ཁེ་ཕན་སྒྲུབ་བྱེད་ཁོ་ནའི་ཆེད་དུ་བཞག་པ་དེས་རྒྱ་མིའི་དཔོན་དམག་ལྷ་སར་གཏན་སྡོད་བྱེད་སྲོལ་ཆུ་ངན་ལམ་བྱང་ལྟ་བུར་གནས་པ། རྗེས་སུ་སྤྱི་ལོ་ ༡༩༡༢ མན་ཇུའི་དཔོན་དམག་ལྷ་ས་ནས་མ་ཕུད་བར་བསྡད་པ་རེད།” ཅེས་བྲིས་ཡོད།
མདོར་ན། བོད་མི་རྣམས་ནང་ཁུལ་མ་མཐུན་པའི་དབང་གིས་མན་ཇུ་ལ་དཔུང་རོགས་གནང་དགོས་པའི་འབོད་སྐུལ་ཞུས་པ་དང་། མན་ཇུའི་སྲིད་གཞུང་གིས་ཀྱང་གོ་སྐབས་དེ་དག་བཟུང་ནས་བོད་དུ་དཔུང་དམག་བཏང་ཞིང་བོད་ནང་ཨམ་བན་སྡོད་དུ་བཅུག །དེར་མ་ཟད།མན་ཇུའི་སྲིད་གཞུང་གིས་བོད་ཀྱི་བཀའ་བློན་སོགས་མཐོ་རིམ་དཔོན་རིགས་བསྐོ་བཞག་བྱེད་པ་ལ་ཡང་ཐེ་གཏོགས་ཤུགས་ཆེར་བྱས། བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་བརྩད་གཅོད་ལ་གསེར་བུམ་དཀྲུག་དགོས་པར་བཟོས་པ་ཡང་བོད་ཀྱི་ཡིག་ཆ་ཁག་ཏུ་གསལ། ལྷག་པར་དུ།མན་ཇུའི་སྲིད་གཞུང་གིས་བོད་རྒྱ་ཁོངས་ཡིན་པའི་རྣམ་པ་ཡང་ཡང་སྟོན་ཐབས་བྱས་ཤིང་།གནས་ཚུལ་དེ་དག་ལ་བརྟེན་ནས། ཕྱིས་སུ་རྒྱ་ནག་དང་དབྱིན་ཇི་སོགས་ལག་འབྲེལ་བྱས་ཏེ་བོད་ཀྱི་ཕྱིའི་བདག་དབང་རྒྱ་ནག་ལ་ཡོད་པའི་ཆིངས་ཡིག་ཀྱང་རིམ་པར་འཇོག་ཐུབ་པ་བྱུང་། དེའི་དབང་གིས། ད་ལྟ་བོད་མི་ཚོས་“རང་བཙན་གཙང་མ་”ཞེས་པའི་ཐ་སྙད་འདི་བེད་སྤྱོད་གནང་དགོས་བྱུང་བ་དང་། བོད་རང་བཙན་ལ་ཕྱི་ནས་རྒྱབ་སྐྱོར་མི་བྱེད་པ་སོགས་ཏེ། མདོར་ན། ཆག་སྒོ་དེ་དག་གི་རྩ་བ་ཡར་དེད་ན། སྐབས་དེ་དུས་བོད་ཀྱི་དཔོན་རིགས་ཚོ་ནང་ཁུལ་མ་མཐུན་པར་འཁྲུག་རྩོད་ཡང་ཡང་བྱས་ཏེ་གཞན་ལ་ཐེ་གཏོགས་བྱེད་པའི་གོ་སྐབས་སྤྲད་པ་ལ་ཐུག་ཡོད། དེས་ན། བོད་ཀྱིས་ནང་ཁུལ་འཁྲུག་རྩོད་འདི་མཚམས་མ་བཞག་གི་བར་དུ་བོད་ཀྱི་བདེན་དོན་སྒྲུབ་མི་ཐུབ་པ་ཧ་ཅང་གསལ་པོ་ཡིན།
འདས་པའི་ལོ་རྒྱུས་གསུམ་པ།
རྒྱ་ནག་ཏུ་གསར་བརྗེའི་གྱེན་ལོག་བྱུང་སྟེ་ལྕགས་ཕག་སྤྱི་ལོ་ 1911 ལོར་མན་ཆིང་གོང་མའི་སྲིད་དབང་མགོ་རྟིང་བསློགས། སྤྱི་ལོ་ 1912 ལོར་ནན་ཅིན་དུ་ཀྲུང་ཧྭ་མིན་གོའི་སྲིད་གཞུང་གསར་འཛུགས་བྱས། རྒྱ་རིགས་དང་མན་ཇུའི་དཔོན་རིགས་ཡོད་ཚད་བོད་ནས་མཐར་སྐྲོད་བཏང་། དུས་དེ་ནས་བཟུང་བོད་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་ཅི་ཡང་མེད། བོད་ཀྱི་དཔོན་རིགས་འགའ་ཞིག་གི་ཁྲོད་ཤུགས་རྐྱེན་གཞན་ཞིག་ཡོད་པ་ནི་དབྱིན་ཇིའི་ཤུགས་རྐྱེན་ཙམ་རེད། ལོ་རྒྱུས་ཀྱི་གནད་དོན་ངོ་མ་འདི་མི་མང་པོས་མི་མཁྱེན་པ་འདྲ། གནད་ཡོད་གཞན་གྱིས་ལྕགས་ཕག་གསར་བརྗེའི་རྗེས་སུ་བོད་རང་བཙན་དུ་གནས་ཐུབ་པ་བྱུང་ཡོད་ཅེས་གསུངས་པའི་རྒྱུ་མཚན་ནམ་རྩ་བ་ངོ་མ་ཡང་གནས་སྟངས་དེ་ལ་ཐུག་ཡོད།
འོན་ཀྱང་། བོད་དུ་རྒྱ་ནག་གི་ཤུགས་རྐྱེན་གཏན་ནས་མེད་པའི་དུས་སྐབས་དེར།སྟབས་མ་ལེགས་པ་ཞིག་ལ། གཞུང་བླའི་བར་གྱི་འགལ་བ་ཆེ་རུ་གྱུར་པའི་ཁར། ཞི་དྲག་གི་དཔོན་རིགས་ཚོའི་བར་དུ་ཡང་མི་མཐུན་པ་མང་དུ་བྱུང་། དཔོན་རིགས་ཚོའི་ཁྲོད་ནས་ཁག་ཅིག་གིས་རྒྱལ་དབང་གི་དགོངས་གཞི་ལྟར་ཕྱག་ལས་གནང་། སྐོར་ཞིག་གིས་དབྱིན་ཇིའི་དཔོན་རིགས་ཚོར་མཐུན་ལམ་དམ་པོ་གནང་། དེ་ལྟར་དབང་ཆའི་འགྲན་རྩོད་དང་ནང་ཁུལ་མི་མཐུན་པ་སྣ་ཚོགས་བྱུང་། འགྱོད་པ་རྟས་མི་ཟིན་པའི་འཐུས་ཤོར་མང་དུ་བཏང་། རྒྱལ་མཆོག་བཅུ་གསུམ་པས་བོད་རང་བཙན་རྒྱལ་སྤྱི་ཅན་དུ་སྒྲུབ་པའི་འབད་པ་སྣ་ཚོགས་གནང་བ་ལ་གྲུབ་འབྲས་མ་ཐོན། མཇུག་མཐར། བཅུ་གསུམ་པ་ཆེན་པོས་<<དོན་སྙིང་ཚིག་རུལ་གསོ་བའི་སྨན་མཆོག་སྒྲིབ་མེད་གཅེར་མཐོང་ལྷ་ཡི་བདུད་རྩི་གསར་པ་>>ཞེས་པའི་ཆུ་སྤྲེལ་ཞལ་གདམས་ཆེན་མོ་དང་། <<བོད་གཞུང་སྲིད་བཀའ་ལྷན་རྒྱས་ཀྱི་གསུང་ཞུའི་བཀའ་ལན་>>ཞེས་བྱ་བའི་ཆུ་བྱ་ཞལ་གདམས་ཆེན་མོ་གཉིས་སྩལ་ཏེ་མྱ་ངན་ལས་འདས།
གསལ་པོར་ཞུས་ན། རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་མཆོག་ཐུགས་ཕམ་བྱུང་བའི་མུར་མྱ་ངན་ལས་འདས་པ་དང་། སྤྱི་ལོ་ 1913 ནས་བོད་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་ཅི་ཡང་མེད་པའི་དུས་སྐབས་དེར་བོད་རང་བཙན་གྱི་གནས་བབ་འཛམ་གླིང་སྤྱི་མཚུངས་ལྟར་བསྒྱུར་མ་ཐུབ་པའི་རྩ་བ་ནི་རྒྱལ་མཆོག་བཅུ་གསུམ་པ་ཆེན་པོའི་དགོངས་བཞེད་ཐུགས་རེ་ལ་ལྟོས་མེད་ཀྱིས་ནུས་པའི་གཟོང་ཁ་གཅིག་ཏུ་མ་བསྒྲིལ་བར་རང་འདོད་རང་ཤེད་མང་དུ་ཞུས་པ་ལ་ཐུག་ཡོད། དེ་ལྟར་ནང་ཁུལ་མ་མཐུན་པ་དང་ནུས་པ་གཅིག་ཏུ་བསྒྲིལ་མ་ཐུབ་པ་ལས་བྱུང་བའི་གོད་ཆག་ནི་ཧ་ཅང་མང་སྟེ། ད་ལྟ་མི་རིགས་རང་ཐོག་ཏུ་གསལ་ལེར་བབས་འདུག་པ་འདི་དག་ཡིན།
འདས་པའི་ལོ་རྒྱུས་བཞི་པ།
རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་མྱ་ངན་ལས་འདས་མ་ཐག་བོད་ཀྱི་དཔོན་རིགས་ཚོས་ནང་ཁུལ་དབང་རྩོད་དང་འབུར་འཇོམས་བྱེད་རེས་ཁོ་ནར་དབུ་འཁོར་ནས་ནུས་པ་དང་དུས་ཚོད་ཡོད་ཚད་ཆུད་ཟོས་སུ་བཏང་། དམག་ཆེན་གཉིས་པ་མཇུག་བསྒྲིལ་བའི་སྐབས་སུ་མི་རིགས་གཞན་དང་མཚུངས་པར་བོད་རང་བཙན་རྒྱལ་སྤྱི་ཅན་དུ་སྒྲུབ་པའི་གོ་སྐབས་ཧ་ཅང་བཟང་པོ་ཡོད་ཀྱང་ཐུགས་སྣང་ཙམ་ཡང་མ་གནང་། མཐར་ཆབ་མདོ་རྒྱ་ལག་ཏུ་ཤོར་ཞིང་། དོན་ཚན་བཅུ་བདུན་ལ་ས་རྟགས་འགོད་དགོས་བྱུང་། དེ་ལྟར་བོད་གཞིས་བྱེས་གཉིས་སུ་གྱེས་པའི་ལོ་རྒྱུས་སམ་གནས་བབ་ངན་པ་འདི་བྱུང་།
མཐར་གཏུགས་ན། བོད་ཀྱི་གོད་ཆག་དང་ཉམས་ཉེས་འདི་ཐམས་ཅད་ནང་ཁུལ་མ་མཐུན་པ་དང་། གཞན་ལ་ཐེ་གཏོགས་བྱེད་པའི་གོ་སྐབས་ཡང་ཡང་སྤྲད་པ་ལ་ཐུག་ཡོད་པས།ད་ནི་ངེས་པར་དུ་བོད་མི་རང་རང་གི་བསམ་བློའི་གནས་ཚད་མཐོ་རུ་བཏང་སྟེ། མ་འོངས་པའི་བོད་རིགས་ཀྱི་བདེ་སྡུག་ལ་བསམ་བློ་གཏོང་དགོས་པ་མ་གཏོགས། རང་བཙན་ཡོད་པའི་རྒྱལ་ཁབ་ཁག་གི་སྲིད་དོན་པའི་བྱེད་བབ་ལ་ལད་ཟློས་བྱས་ཏེ་ནང་ཁུལ་མི་མཐུན་པ་བཟོ་རྒྱུ་མང་དྲགས་ན། ཚེ་འདིར་འདོད་པ་ཅུང་ཟད་ཁེངས་པ་དང་སྙིང་ཚིམ་པ་རེ་འབྱུང་སྲིད་ཀྱང་། ཚེ་ཕྱི་མའི་གར་འགྲོ་གར་འདུག་ཐམས་ཅད་ལས་བཟང་ངན་ཁོ་ནའི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན་པས། སྔར་བྱས་ངན་པ་ལ་འགྱོད་པ་དང་ཕྱིན་ཆད་དེ་ལྟར་མི་བྱེད་སྙམ་པའི་སྡོམ་སེམས་དྲག་པོ་བསྟེན་ནས་ད་ལྟ་ཉིད་དུ་བོད་རིགས་ནང་ཁུལ་མཐུན་པ་དང་། བོད་མིའི་སྒྲིག་འཛུགས་སྔར་བཞིན་གནས་ཐུབ་པ། བཀའ་དྲིན་མཚུངས་མེད་རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་ཐུགས་དགོངས་ཟབ་མོ་འགྲུབ་ཐབས་བཅས་གནང་དགོས་པ་ནི་བྱིས་པ་ཞིག་ཡིན་ཡང་ཤེས་པའི་ཚོད་རེད།
ལམ་སྟོན་གསོལ་འདེབས་དང་སྔོན་འགྲོའི་ཆ་རྐྱེན།
•དང་པོ། ད་ལྟ་གང་ལ་བལྟས་ཀྱང་། ད་ལྟའི་དཀའ་རྙོག་འདི་བསལ་ཏེ་འགྲིག་ཐབས་ཡོང་བར་༸གོང་ས་མཆོག་ལ་ལམ་སྟོན་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ལས་ཐབས་ལམ་གཞན་མེད་པ་གསལ་པོ་ཆགས་སོང་ལ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་མ་ཡིན་པའི་སྐྱེ་བོ་གཞན་སུས་ཀྱང་འདུམ་སྒྲིག་གནང་མི་ཐུབ་པ་ཡང་གསལ་པོ་ཆགས་ཡོད།
•གཉིས་པ། ཕྱོགས་གཉིས་སུ་ཆད་པའི་རྩོད་རྙོག་ཆེན་པོ་འདིའི་བར་དུ་ཕེབས་ནས་བཀའ་སློབ་ལམ་སྟོན་གནང་རྒྱུ་དེ་༸གོང་ས་མཆོག་ལ་མཚོན་ན་ཡང་། མཛད་བདེ་པོ་ཞིག་དང་། གནང་ཆོག་ཆོག་ཅིག་མིན་པ་འུ་ཅག་གིས་ཤེས་ལ། ཕྱོགས་གཉིས་ཀའི་འདོད་པ་བརྒྱ་ཆའི་བརྒྱ་ཐམ་པ་ཁེངས་པའི་ལམ་བུ་ཞིག་མེད་པ་དེ་ཡང་ཚང་མས་ཤེས་ངེས་རེད། གལ་ཏེ་ཡོད་ན། རྩོད་རྙོག་འདི་འབྱུང་དགོས་དོན་དང་། གསོལ་འདེབས་ཞུ་དགོས་དོན་གཉིས་ཀ་མེད།
གསུམ་པ། ད་ལྟའི་གནས་སྟངས་འདི་ལྟ་བུ་ཞིག་འབྱུང་ངེས་པ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔར་ནས་གཟིགས་ཏེ་ཉེན་བརྡ་ལན་དུ་མར་གནང་ཡོད་པ་གོང་དུ་བྲིས་པ་ལྟར་དང་། དེ་སེལ་ཐབས་ཀྱི་བཀའ་སློབ་སྩལ་ཡོད་པ་གཤམ་དུ་འགོད་པར་འགྱུར་བ་ལས་ཤེས་ནུས་པ་དེ་ག་ལགས།
བཞི་པ། ད་ལྟའི་གནས་བབ་འདི་སེལ་ཐབས་ཀྱི་བཀའ་སློབ་ལམ་སྟོན་གནང་དགོས་ན། འབྲེལ་ཡོད་ཁག་ནས་ངེས་པར་དུ་ཆ་རྐྱེན་ཞིག་བཟོ་དགོས་པ་ཡིན། འདས་པའི་ལོ་ཤས་རིང་རྩོད་རྙོག་དང་འབྲེལ་ཏེ། རྨོངས་པ་མི་ཤེས་པ་སྐོར་ཞིག་གིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཟུར་ཟ་དང་མཚན་སྨད་དང་སྒྲོ་སྐུར་བཅས་ཞུས་པ་ང་ཚོས་ཤེས་ལ།ད་ཐེངས་བཀའ་སློབ་ཞུས་ཏེ་མགོན་པོ་མཆོག་ནས་ལམ་སྟོན་སྩལ་བའི་དབང་དུ་བཏང་ན།སླར་ཡང་ཅོལ་ཆུང་འགའ་རེས་ཟུར་ཟ་དང་མཚན་སྨད་མི་ཞུ་བའི་ངེས་པ་མེད། གལ་སྲིད་དེ་ལྟར་བྱུང་ན། མི་དམངས་ཀྱི་སེམས་ལ་བསྐྱར་དུ་རྨ་ཁ་སོས་དཀའ་བ་རེ་བཟོས་ཏེ་རྩོད་གླེང་དང་མི་མཐུན་པ་སླར་ཡང་འབྱུང་ངེས་ཡིན།
ལྔ་པ། གོང་ཞུའི་རྒྱུ་མཚན་དེ་དག་ལ་བརྟེན་ནས། ༡) ༸གོང་ས་མཆོག་ནས་ལམ་སྟོན་བཀའ་སློབ་ཅི་གནང་རུང་། འབྲེལ་ཡོད་བདམས་ཐོན་སྤྱི་འཐུས་རྣམས་ཀྱིས་ལྷག་བསམ་རྣམ་དག་དང་ཡིད་གཉིས་ཐེ་ཚོམ་མེད་པར་ངོས་ལེན་ཞུ་དགོས་པར་མ་ཟད། ༢) ཕྱོགས་གཉིས་ཀའི་རྒྱབ་སྐྱོར་བ་ཚོས་ཀྱང་དྲ་ཐོག་ནས་མགོན་པོ་མཆོག་དང་། དགའ་ལྡན་ཕོ་བྲང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ་སོགས་ལ་ཟུར་ཟ་དང་སྒྲོ་སྐུར་མི་ཞུ་བའི་ཁས་ལེན་དམ་བཅའ་བརྟན་པོ་ཞུ་དགོས། ༣) གལ་ཏེ་བདམས་ཐོན་སྤྱི་འཐུས་རྣམ་པ་དང་དེ་དག་གི་རྒྱབ་སྐྱོར་བ་ཚོས་ཁས་ལེན་དམ་བཅའ་དེ་ལྟར་མ་བྱུང་ཚེ། མགོན་པོ་མཆོག་ལ་ལམ་སྟོན་བཀའ་སློབ་གནང་བའི་མཛད་དཀའ་དེ་ནམ་ཡང་བཟོ་མི་རུང་།
དྲུག་པ། གོང་གསལ་སྔོན་འགྲོའི་ཆ་རྐྱེན་འདི་ཡོང་བ་ལ་མི་དམངས་ལྷག་བསམ་ཅན་ཚོས་འབྲེལ་ཡོད་ལ་སྐུལ་འདེད་དང་འབོད་སྐུལ་ཞུ་དགོས་ལ། འབྲེལ་ཡོད་རྣམས་ཀྱིས་ཀྱང་སྲིད་དོན་པ་ཚོའི་ཤུགས་རྐྱེན་མ་ཐེབས་པ་གནང་དགོས།
བདུན་པ། རེ་བ་ནི། ད་ཐེངས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩེ་བས་དགོངས་ཏེ། ཅི་ལེགས་གང་འགབ་ཀྱི་ལམ་སྟོན་ཟབ་མོ་སྩལ་རྒྱུ་དང་། དེ་ལ་བོད་འབངས་ཀུན་གྱིས་རྒྱལ་བའི་བཀའ་དྲིན་ཚོར་བའི་སྒོ་ནས་ཡིད་གཉིས་ཐེ་ཚོམ་མེད་པར་མཐའ་གཅིག་ཏུ་གུས་བརྩི་ཞུ་རྒྱུ། དེ་ལ་བརྟེན་ནས། བོད་མིའི་སྒྲིག་འཛུགས་འདི་ཉིད་སྔར་སོར་ཆུད་དེ། རྒྱལ་བའི་དགོངས་བཞེད་ཟབ་མོ་འགྲུབ་ཐབས་དང་། གཞིས་ལུས་བོད་མིའི་སེམས་ཀྱི་ན་ཟུག་སངས་ཐབས། གཞིས་བྱེས་ལྷན་འཛོམས་ཡོང་ཐབས་བཅས་ཏེ། མདོར་ན།བོད་ཀྱི་བདེན་མཐའ་གསལ་བ་ལ་འབད་རྒྱུ་དེ་ཡིན།
འདུམ་སྒྲིག་གནང་བའི་བཀའ་སློབ།
སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་དབང་རྩིས་སྤྲོད་ཀྱི་གྲ་སྒྲིག་མཛད་བཞིན་པའི་སྐབས་སུ། འབྱུང་འགྱུར་སྒྲིག་འཛུགས་དང་མགོ་ཁྲིད་ཀྱིས་སེལ་མི་ཐུབ་པའི་དཀའ་ངལ་རིགས་བྱུང་ཚེ། མགོན་པོ་མཆོག་ནས་དེ་དག་སེལ་རྒྱུའི་དགོངས་བཞེས་དང་བཀའ་སློབ་ཟབ་མོ་སྩལ་ཡོད།
•དང་པོ། སྤྱི་ལོ་ 1992 ལོའི་<<མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང་རྩ་ཁྲིམས་སྙིང་དོན།>> ཤོག་ངོས་ ༩ ན། “མ་འོངས་པར་ངོས་ནས་བོད་གཞུང་གི་འགན་འཁུར་དང་། ལམ་ལུགས་རྗེས་འབྲེལ་ཆབ་སྲིད་ཀྱི་གོ་གནས་གང་ཡང་ལེན་རྒྱུ་མིན་པ་སྔོན་ནས་ཐག་བཅད་ཟིན་པ་ཡིན། དེའི་དགོས་པ་རྒྱུ་མཚན་ནི། བོད་གངས་ཅན་གྱི་རྒྱ་ཆེའི་མི་མང་ཚོགས་ནས་ངོས་རང་ལ་ཡིད་ཆེས་དད་མོས་རེ་བཅོལ་ཇི་ལྟར་བྱེད་པ་ཚང་མས་ཤེས་གསལ་ཐོག །རང་ངོས་ནས་ཀྱང་ལས་སྨོན་དབང་གིས་གངས་ལྗོངས་བསྟན་སྲིད་མི་མང་ལ་ཕན་བདེ་སྒྲུབ་པའི་ལྷག་བསམ་གཡོ་མེད་བརྟན་པོར་ཡོད་པས། འབྱུང་འགྱུར་སྲིད་གཞུང་གི་གོ་མིང་དབང་ཆ་མ་བཟུང་བར་སྤྱི་མི་ལྟ་བུར་བསྡད་དེ། སྲིད་གཞུང་གིས་སེལ་མ་ཐུབ་པའི་དམིགས་བསལ་དཀའ་ངལ་འགའ་ཞིག་སྤྱི་མི་གཟུར་གནས་ཤིག་གི་ངོས་ནས་སེལ་ཐབས་ཡོང་རྒྱུ།” ཞེས་གསུངས།
•གཉིས་པ། སྤྱི་ལོ་ 1994 ཟླ་ 10 ཚེས་ 17 ཉིན་མདོ་སྟོད་ཆུ་སྒང་མི་མང་དམིགས་བསལ་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་ཚོར་སྩལ་བའི་བཀའ་སློབ་ལས།“གཉིས་ནས་མ་འོངས་པར་ང་ཚོ་བོད་གཞིས་བྱེས་མཉམ་འཛོམས་ཀྱི་དུས་ཚོད་བྱུང་བའི་སྐབས་ལ་ང་རང་ཚོ་ནང་ཁུལ་ལ་ཡས་རེད་མས་རེད་ཅེས་ཤོད་རེས་ཏན་ཏན་ཡོང་གི་རེད། ལྷག་པར་ང་རང་ཚོ་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་གཞུང་བཙུགས་ནས་རྩ་བའི་སྒྲིག་འཛུགས་ཡོངས་རྫོགས་གཅིག་གྱུར་ཆགས་ཡོང་དུས། དེང་སང་རྒྱ་གར་ནང་སོ་སོའི་རང་བདག་གི་ས་ཆ་སྦར་མཐིལ་ཙམ་མེད་པ་ལ་ཡང་རྩོད་པ་འདི་ཙམ་རྒྱག་གི་ཡོད་ན། མ་འོངས་པར་ང་ཚོ་བོད་ནང་སླེབས་དུས་ཏན་ཏན་རྩོད་པ་རྒྱག་གི་རེད་བསམ་གྱི་འདུག་ལ། གྲི་དང་མེ་མདའ་བེད་སྤྱོད་བྱེད་རྒྱུའི་ཉེན་ཁ་ཏན་ཏན་ཡོད། དེ་འདྲ་ཡོང་སྐབས་ངས་བོད་གཞུང་གི་འགན་མ་ཁྱེར་བར་སྤྱིར་བཏང་མི་མང་དགའ་པོ་ཡོད་པའི་དགེ་སློང་བགྲེས་སོང་ཞིག་བྱས་ཏེ་བསྡད་ནས་གཞུང་གི་ལས་ཀ་བྱེད་མཁན་ཚོར་ཡང་འདི་འདྲ་རང་མ་བྱེད། བསམ་བློ་ཐོངས་ཞེས་བསླབ་བྱ་བྱེད་རྒྱུ་དང་། མི་མང་ཚོའི་ཐོག་ལ་ཡང་དེ་ལྟར་བསླབ་བྱ་བརྒྱབས་ནས་ཕན་ཐོགས་བྱེད་ཐུབ་པ་ཞིག་མི་ཡོང་ངམ་སྙམ་གྱི་འདུག །སྤྱིར་བཏང་སྲིད་གཞུང་འཛིན་སྐྱོང་གི་ལས་ཀ་དང་འཆར་གཞི་འགོད་རྒྱུས་མཚོན་པའི་ལས་ཀ་མང་པོ་ཞིག་རྒྱལ་བ་རིན་པོ་ཆེ་ལས་ལྷག་པ་བྱེད་ཐུབ་མཁན་གྱི་མི་མང་པོ་ཏན་ཏན་ཡོང་གི་རེད། ང་ལས་ལྷག་པ་བྱེད་ཐུབ་མཁན་དེ་དག་གིས་འགན་ཁྱེར་ན་ཡག་པོ་འདུག །ཡང་ལས་རིགས་ཁ་ཤས་སྤྱི་མོས་ཆེ་ཆུང་དང་བསོད་ནམས་ཆེ་ཆུང་གི་དབང་གིས་ཤེས་ཡོན་ཡོད་ནའང་སྒྲུབ་མི་ཐུབ་པ་དེ་འདྲ་ཏན་ཏན་ཡོད་པས། དེ་དག་གི་འགན་ངས་ཁྱེར་ནས་བྱེད་ཀྱི་ཡིན་ན་ཡག་པོ་ཡོང་གི་རེད་སྙམ་པ་འདི་ངའི་བསམ་ཚུལ་ཡིན།” ཞེས་བཀའ་སྩལ། འདི་<<སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། བུད་མེད་ཚོགས་པ་དང་། གཞོན་ནུས་མཚོན། ཚོགས་པ་ཁག་ལ་སྩལ་བའི་བཀའ་སློབ་ཕྱོགས་བསྡེབས།>> ཞེས་པའི་ཤོག་ངོས་༣༧༦ ན་གསལ།
•གསུམ་པ། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག་སྩལ་བའི་བཀའ་སློབ་ཏུ། “ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་རྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་ཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ།” ཅེས་གསུངས། འདི་<<༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་མཛད་འགན་ཡོངས་རྫོགས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོས་འགན་ཁུར་དགོས་པའི་གསུང་འཕྲིན་དང་བཀའ་སློབ་སྩལ་བ།>> ཞེས་པའི་ཤོག་ངོས་ ༢༧ ན་གསལ།
•བཞི་པ། སྤྱི་ལོ་ 2011 ཟླ་ 3 ཚེས་ 19 ཉིན་ཆོ་འཕྲུལ་སྨོན་ལམ་སྐབས། “ད་ལྟ་ངོས་གཟུགས་པོ་བདེ་པོ་ཡོད་པའི་སྐབས་ལ་ཁྱེད་རང་ཚོས་འགན་ཆ་ཚང་ཁྱེར་དང་། དམིགས་བསལ་དཀའ་ངལ་ཕྲད་དེ་ངོས་ཀྱིས་མ་བྱས་ན་མི་འགྲིག་པ་ལྟ་བུ་འདུག་ན་ངོས་རང་འདིར་ཡོད་ཡོད་པ་རེད།” ཅེས་བཀའ་སྩལ། འདི་<<༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་མཛད་འགན་ཡོངས་རྫོགས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོས་འགན་ཁུར་དགོས་པའི་གསུང་འཕྲིན་དང་བཀའ་སློབ་སྩལ་བ།>> ཞེས་པའི་ཤོག་ངོས་ ༢༩ ན་གསལ།
གོང་གསལ་བཀའ་སློབ་ལྟ་བུ་ད་དུང་ཡོད་ཀྱང་མང་དགོས་དོན་མེད་པས་མ་བྲིས།གཙོ་བོ་ནི་བཀའ་སློབ་ཀྱི་ནང་དོན་ལ་བསམ་གཞིག་རེ་བྱེད་རྒྱུ་དེ་རེད། གལ་ཏེ་འདི་བྲིས་པ་ནོར་ཡོད་ན་དགོངས་འགལ་མེད་པར་མཁྱེན་ཞུ། ལྷ་དང་བླ་མས་སྲུངས་ཤིང་སྐྱོབས་ཤིག་དང་།ཀུན་བཀྲ་ཤིས་པར་གྱུར་ཅིག་ཅེས་ཀྱང་ཞུའོ།།
སྤྱི་ལོ་ 2021 ཟླ་ 9 ཚེས་ 25 ཉིན་གྱི་མཚན་མོར་གྲུབ་པར་བྱས།
སྤྱི་ལོ་ 2021 ཟླ་ 9 ཚེས་ 30 ཉིན་གསལ་བཤད་བྲིས་ཏེ་སྤེལ།
ཡག་པོ་བྲིས་འདུག
🙏🙏🙏
ཧ་ཅང་ཡག་པོ་བྲིས་གནང་འདུག །
བཀྲ་ཤིས་པར་གྱུར་ཅིག །🙏🤝🌸🏵️💐🌞