འདི་འདྲ་ཞིག་ཀྱང་ཐལ་སོང་།
- ཤེས་རབ་དར་རྒྱས། Sherab Dharge
- Nov 24, 2021
- 1 min read
Updated: Sep 27, 2022
ལན་གཅིག་གཟིགས་རོགས།

དུས་རྒྱུན་གྱི་ནར་མའི་འཚོ་ལས་དང་། སྔ་དགོང་གཉིས་སུ་སྒྲུབ་དགོས་པའི་ཞོར་ལས། ད་དུང་ཀླད་པའི་ངལ་གསོ་དང་ལུས་སེམས་ཀྱི་འཕྲོད་བསྟེན་ལ་དམིགས་ཏེ་རྒྱལ་བའི་གསུང་ལ་ཉན་པ་དང་གོམ་བགྲོད་བྱེད་པ་སོགས་སྒྲུབ་དགོས་པ་ཧ་ཅང་མང་། དགོང་མོ་གློག་བརྙན་ལ་ལྟ་རྒྱུ་དེ་ཡང་ལས་དོན་ཞིག་ཡིན།
ད་ལྟའི་དུས་ཚོད་འདི་ནི། ཉོན་མོངས་འཇོལ་ཉོག་ཏུ་སྤྱད་སྤྱད་དེ་འཇིག་རྟེན་གྱི་སེམས་ཁམས་ཡོངས་སུ་འཁྲུགས་པའི་དུས་སྐབས་ཤིག་རེད། དེའི་འགན་ཚང་མ་སུ་ལ་ཡོད་མེད་མི་ཤེས་ཀྱང་། གྱོང་འབབ་ས་དངོས་ནི་མི་རིགས་ཀྱི་རྩ་དོན་རེད། འདི་གནད་དོན་གཅིག་རེད། དེ་ལས་ཀྱང་གནད་འགག་ཆེ་བ་ནི། ༸གོང་ས་མཆོག་ཕྱི་ལུགས་སུ་དགུང་གྲངས་ ༨༦ དང་བོད་ལུགས་ཀྱི་ ༨༧ ལ་ཕེབས་ཡོད་པ་དེ་རེད། གལ་ཏེ་གཞིས་ལུས་ས་ཡ་དྲུག་གི་རེ་འདུན་དང་ཞེ་འདོད་མ་འགྲུབ་ན། འབུམ་གཅིག་དང་ཕྱེད་ཀའི་འཚོ་བ་ཙམ་པོ་བ་ནི་དེ་ཙམ་ཞིག་རེད། མདོར་ན། ད་ལྟ་འུ་ཅག་གིས་གདོང་གཏོད་ས་ངོ་མ་དེ་ནི་ཆོལ་ཁ་ཆོས་ལུགས་དང་ལྟ་བ་འདུ་ཤེས་སོགས་མ་ཡིན་པར་“དུས་ཚོད་”ཉིད་རེད།
གཅིག །
དེང་སྐབས། འུ་ཅག་གིས་གནད་དོན་རེ་གཉིས་མ་བཤད་ན་འགྲིག་ཐབས་མེད། སྤྱི་ལོ་2021 ཟླ་ 11 ཚེས་ 10 ཉིན་བཀའ་དྲིན་མཚུངས་ཟླ་མེད་པ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དྲི་བ་ཞིག་གི་ལན་དུ། “ཐའི་ཝན་དང་རྒྱ་ནག་སྐམ་ས་ཆེན་པོ་གཉིས་ཆིག་སྒྲིལ་ཡོང་བར་ངོས་ཀྱིས་ལྷག་བསམ་རྣམ་དག་གིས་སྨོན་ལམ་རྒྱག་བཞིན་ཡོད།” ཅེས་གསུངས། འདིའི་སྟེང་དུ་ཤེས་དགོས་པ་གལ་ཆེན་ཞིག་ཡོད། དེ་ནི་རྩ་དོན་འཐབ་རྩོད་ཇི་ལྟར་བྱེད་དགོས་པའི་ཚུལ་དེ་རེད། མི་རྣམ་དཔྱོད་ཅན་ཞིག་ཡིན་ན། བོད་དོན་འཐབ་རྩོད་བྱེད་སྐབས། རང་དོན་རང་གཅེས་བྱེད་དགོས་པ་ལས་ཉ་ཉོག་མཉམ་བསྲེ་མང་པོ་བྱེད་མི་རུང་བ་དེ་ལོས་ཤེས། ཁ་ནས་གཞིས་ལུས་བོད་མི་རྣམས་ཀྱི་སྡུག་བསྔལ་སེལ་ཆེད་ཟེར་བ་དེ་ཁ་ཞེ་གཉིས་མེད་ཡིན་ན། རང་ཉིད་ཀྱི་འདོད་དབང་དང་འདུ་ཤེས་ཁོ་ན་གཙོ་གནད་དུ་མ་བཟུང་བར་སྤྱང་གྲུང་དོད་པོ་དགོས་པ་ལོས་ཤེས།
ཡང་ཉིན་མོ་དེར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། “ལོ་འགའི་གོང་ནས་ངོས་རང་རི་བོ་རྩེ་ལྔར་གནས་མཇལ་དུ་འགྲོ་འདོད་ཡོད་ཚུལ་བཤད་ཡོད་ལ། དེར་འགྲོ་བའི་ལམ་ཞོར་དུ་པེ་ཅིན་ལ་ཞི་ཅིན་ཕིན་དང་རྒྱ་ནག་གི་མགོ་ཁྲིད་གཞན་པ་ཚོར་ཐུག་པའི་གོ་སྐབས་ཡོད། ངོ་མ་བཤད་ན། རྒྱ་ནག་གི་ངོས་ཀྱི་ངོ་ཤེས་རྙིང་པ་ཚོར་ཐུག་འདོད་ཆེན་པོ་ཡོད། འགའ་ཞིག་ནི་དམག་སྡེ་དང་སྐོར་ཞིག་ནི་ཆབ་སྲིད་ཀྱི་སྡེ་ཁག་ཏུ་གཏོགས། ངོས་ཀྱང་ལོ་ན་རྒས་ཀྱིན་ཡོད་ལ། ཁོང་ཚོ་ཡང་རྒས་བཞིན་ཡོད། བྱས་ཙང་། ངོས་རང་རི་བོ་རྩེ་ལྔར་གནས་མཇལ་དུ་འགྲོ་བའི་ཞོར་དུ་ངོ་ཤེས་རྙིང་པ་དེ་ཚོར་ཐུག་ཐུབ་པའི་རེ་བ་བྱེད་བཞིན་ཡོད།” ཅེས་བཀའ་སྩལ། ཅིའི་ཕྱིར་དེ་ལྟར་བཀའ་སྩལ་བ་ཡིན་ནམ། དེ་ནི་བོད་དོན་ཐོག་གྲོས་མོལ་གནང་རྒྱུ་ལས་གཞན་ཅི་ཡང་མ་རེད།
ཡང་དྲི་བ་གཞན་ཞིག་གི་ལན་དུ་༸གོང་ས་མཆོག་ནས། “བོད་དང་ཤིན་ཅང་ལ་མཚོན་ན། རང་ཉིད་ལ་ཐུན་མོང་མ་ཡིན་པའི་རིག་གཞུང་རེ་ཡོད། རྒྱ་ནག་དམར་ཤོག་གི་མགོ་ཁྲིད་བློ་རྒྱ་ཧ་ཅང་ཆུང་བ་ཚོས་རིག་གཞུང་སྣ་ཚོགས་པ་དེ་དག་མི་ཤེས། གཞན་ཡང་། རྒྱ་མིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་ཧན་མི་རིགས་གཅིག་པུ་ལ་མི་ཟེར་བར་བོད་དང་ཡུ་གུར་དང་མི་རིགས་གཞན་རྣམས་ཀྱང་ཡོད། ངོས་ཀྱི་བསམ་དོན་ངོ་མར། རྒྱ་ནག་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་བརྗོད་པ་དེ་ཆབ་སྲིད་ཀྱི་གནད་དོན་ཐོག་ལག་བསྟར་བྱེད་དགོས་པ་ཡིན། ཁ་ནས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་ཡང་། དོན་དངོས་ལ། ཧན་མི་རིགས་ཀྱིས་སྟངས་འཛིན་ཆེན་པོ་བྱེད་བཞིན་ཡོད།” ཅེས་གསུངས་སོང་།
དེ་ནི། སྤྱི་ལོ་ 2013 ཟླ་ 5 ཚེས་ 16 ཉིན་༸གོང་ས་མཆོག་ནས། “ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེའི་ནང་བསྡད་ཀྱི་ཡིན་ཟེར་བ་མ་གཏོགས། ང་ཚོ་རྒྱ་འོག་བྱེད་ཀྱི་ཡིན། ང་ཚོ་རྒྱ་མིའི་འོག་ལ་བསྡད་ཀྱི་ཡིན་ཟེར་གྱིན་མེད། སྔར་མའོ་ཙེ་ཏུང་གི་སྐབས་ནས་ས་གནས་མི་རིགས་རིང་ལུགས་དང་རྒྱ་རིགས་ཆེན་པོའི་རིང་ལུགས་གཉིས་ཀར་ངོ་རྒོལ་བྱས་པ་རེད། ་་་ རྒྱ་གར་ནང་གི་མི་རིགས་རྣམས་ཐོབ་ཐང་འདྲ་མཉམ་ཡིན་པ་ལྟར། བོད་དང་རྒྱ། ཤིན་ཅང་། སོག་པོ། དེ་བཞིན་མན་ཇུ་སྟེ། དེ་དང་དེས་མཚོན་པའི་མི་རིགས་གཞན་མང་པོ་ཞིག་ཡོད་པ་དེ་དག་ལ་ཐོབ་ཐང་འདྲ་མཉམ་བྱུང་ན། ང་ཚོར་བློ་གཞག་ས་ཞིག་ཡོད་པ་རེད། ངས་དེ་ཤོད་ཀྱིན་ཡོད།” ཅེས་བཀའ་སྩལ་འདི་རེད།
ད་དུང་འུ་ཅག་གིས་༸གོང་ས་མཆོག་གི་དགོངས་པ་དངོས་དེ་ཤེས་དགོས་ན། ཝི་ནོ་སྦ་བྷ་ཝེ་ཡིས་བཏོན་པའི་ ABCK ཡི་ལྟ་བ་དང་ཡོ་རོབ་མཉམ་འབྲེལ་ལ་བསྟོད་བསྔགས་ཡང་ཡང་མཛད་པའི་རྩ་བ་གང་ལ་ཐུག་འདུག་པ་དེ་ཡང་ཤེས་དགོས་པ་ཡིན། འདི་ལྟ་བུའི་བཀའ་སློབ་ལན་མང་སྩལ་ཀྱང་། དགོངས་པའི་གནད་མ་རྟོགས་མཁན་ཧ་ཅང་མང་། མདོར་ན། རྒྱ་མི་དང་མཉམ་དུ་གནས་རྒྱུ་དང་རྒྱ་མིའི་འོག་ཏུ་གནས་རྒྱུ་གཉིས་རྦད་དེ་ཁ་ཁ་རེད། དབུ་མའི་ལམ་གྱི་སྲིད་ཇུས་དང་བོད་རྒྱ་འབྲེལ་མོལ་གཉིས་ཤོད་དགོས་ན་གནད་དོན་འདི་དག་ཤེས་དགོས་པ་ཡིན།
གཉིས་པ།
ཅིའི་ཕྱིར་འུ་ཅག་གིས་༸གོང་ས་མཆོག་དང་༸གོང་ས་མཆོག་གི་དགོངས་པ་ཞེས་བརྗོད་པ་ཡིན་ནམ། བླ་མ་ཡིན་པའི་སྟབས་ཀྱིས་རེད་དམ། སྙན་གྲགས་ཆེ་བའི་དབང་གིས་ཡིན་ནམ། དེ་མིན་ན་གཞན་ཞིག་ཨེ་རེད། དེ་དག་ཅི་ཡང་མ་རེད། གཙོ་བོའི་ནང་གི་གཙོ་བོ་ནི། དགུང་ལོ་ ༡༦ ནས་བོད་ཀྱི་ལས་དབང་ལ་ཐུགས་འཁུར་བཞེས་ཏེ་སྐུ་ལས་བསྐྱོན། བོད་ཀྱི་དོན་དུ་འཁྲུངས་ཤིང་བོད་ཀྱི་དོན་དུ་བཞུགས། བོད་སྐྱོབ་ཐབས་སུ་དགོངས་པ་བཞེས་ཤིང་ཐབས་ལམ་བཙལ། བོད་ལ་ཤ་ཚ་ཞིང་བོད་མི་རིགས་འདི་མི་བསླུ་བ་དེ་ཡིན། ད་དུང་། ས་ཡ་དྲུག་གི་རེ་བ་བཅོལ་ས་དང་མིག་འབུར་གཏོད་ས། འཛམ་གླིང་མི་མང་གིས་བློ་འདྲི་ས་དང་ལམ་སྟོན་ཞུ་ས་ཡང་རེད། དེ་ལྟ་ན། ༸གོང་ས་མཆོག་ནི་རང་གི་འཚོ་བའི་གཡོག་ལས་ཙམ་ཡང་འཁྱོངས་དཀའ་བའི་བོད་མི་དཀྱུས་མ་འུ་ཅག་ལྟ་བུ་ཞིག་ག་ནས་ཡིན། དེའི་ཕྱིར། ང་ཚོས་༸གོང་ས་མཆོག་གི་དགོངས་པ་བཙལ་ཏེ་༸གོང་ས་མཆོག་གི་དགོངས་པ་སྒྲོག་གིན་ཡོད་ལ། དེར་སྤོབས་པ་ཡང་ཡོད། གཞན་ཡང་། ཆོས་ཕྱོགས་ནས་བཤད་ན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཐུགས་རྒྱུད་ལ་འཁྲུངས་པའི་བྱང་ཆུབ་སེམས་དཔའ་གསོན་པ་དེ་ཡིན་པར་བསམས་ན། བཀའ་དགོངས་ཚུལ་བཞིན་སྒྲུབ་པའི་ནུས་པ་མེད་ཀྱང་། ཡི་གེ་འགའ་རེ་འབྲི་ཐུབ་པ་འདི་ཡང་ལས་འབྲེལ་དང་བསོད་ནམས་ཉིད་དུ་བསམས་ཆོག།
གསུམ་པ།
བོད་རྒྱ་འབྲེལ་མོལ་དང་དབུ་མའི་ལམ་གྱི་སྲིད་ཇུས་བཤད་ན། སི་ཏྲས་སི་སྦག་གི་གྲོས་འཆར་དེ་གླེང་གཞིའམ་གནད་དོན་གཅིག་ཏུ་གྱུར་ཡོད་ཅིང་། དེ་ལ་ཀླན་ཀ་ཡང་རྒྱུན་མ་ཆད་པར་ཡོང་བཞིན་ཡོད། དེས་ན། དེ་ཇི་ལྟར་གཏན་ལ་ཕབ་པ་དེ་ངེས་པར་དུ་ཤེས་དགོས། དེ་གནང་བའི་དུས་ནི་སྤྱི་ལོ་ 1988 ཟླ་བ་ 6 ཚེས་ 15 ཉིན་རེད། སི་ཏྲས་སི་སྦག་གི་གསུང་བཤད་དེ་ཇི་ལྟར་གཏན་ལ་ཕབ་པའི་ཚུལ་ལ། ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་ནས། “སྤྱི་ལོ་ 1988 ཟླ་བ་ 6 ཚེས་ 15 ཉིན་༸གོང་ས་མཆོག་ནས་ཧྥ་རན་སིའི་གྲོང་ཁྱེར་སི་ཏྲ་ས་སི་སྦག་(Strasbourg)ཏུ་ཡོ་རོབ་གྲོས་ཚོགས་ལ་གསུང་བཤད་གལ་འགངས་ཆེ་བ་གཞན་ཞིག་སྩལ། དེའི་གོང་དུ་རྒྱལ་བ་རིན་པོ་ཆེས་རྒྱ་ནག་དང་ལྷན་དུ་ཞི་འགྲིག་ཡོང་བའི་ཐབས་ལམ་བཙལ་ཏེ། མཱའི་ཀོལ་ཝན་སོགས་མི་སྣ་མང་པོའི་བསམ་འཆར་བསྡུ་ལེན་མཛད། མཱའི་ཀོལ་ནི་ཡུན་རིང་༸གོང་ས་མཆོག་ལ་བསམ་འཆར་འབུལ་མཁན་གྱི་མི་སྣ་ཞིག་རེད།” ཅེས་གསུངས་ཤིང་། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་ལགས་ནས། “ཐོག་མར་ཁྲིམས་རྩོད་པ་མེ་ཀལ་ཝན་ཝལ་ཊི་ཅན་ནས་དབྱིན་ཡིག་ཐོག་རགས་ཟིན་ཞིག་བཟོས་པ་དེ་བོད་ཡིག་ཏུ་ཕབ་བསྒྱུར་བགྱིས་ཏེ་དེ་ཐོག་ཏུ་བཀའ་ཤག་ནས་ ༡༩༨༨ ཟླ་ ༥ ཚེས་ ༢༠ ནས་ ༢༧ བར་ཞིབ་བསྡུར་མཛད།” དེ་ནས། “༡༩༨༨ ཟླ་ ༥ ཚེས་ ༢༩ ཉིན་༸གོང་ས་མཆོག་གི་མདུན་དུ་༸སྙན་བཅར་ཞིབ་གསོལ་ཞུས་ནས་སླར་དབྱིན་བསྒྱུར་གྱིས་ཐུགས་གཏན་འཁེལ།” དེའི་རྗེས། “༡༩༨༨ཟླ་ ༦ ཚེས་ ༡ དང་ ༢ ཉིན་བཀའ་ཟུར་རྣམ་པ་དང་དེ་སྐོར་ནང་དོན་བཀའ་བསྡུར་གནང་བ་དང་། ཚེས་ ༣ ཉིན་སྤྱི་འཐུས་ལྷན་ཚོགས་དང་གོ་བསྡུར་གནང་།” དེའི་འཕྲོར། སྤྱི་ལོ་ 1988“ཟླ་ ༦ ཚེས་ ༦ ཉིན་ནས་བཟུང་ཉིན་བཞིའི་རིང་བཀའ་ཤག་གིས་གཙོ་སྐྱོང་གནང་སྟེ་བཙན་བྱོལ་བོད་གཞུང་མང་གི་གནད་ཡོད་མི་སྣ་”སྟེ་“ཚོགས་མི་ ༤༠༠ སྐོར་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་ཚོགས་འདུ་རྒྱས་འཛོམས་གནང་”ཞིང་། ཚོགས་ཆེན་དེའི་སྟེང་དུ་ད་གཟོད་སི་ཏྲས་སི་སྦག་གི་གྲོས་འཆར་གྱི་དགོངས་དོན་ལ་བགྲོ་གླེང་དང་འབྲེལ་མཐའ་མའི་གཏན་འབེབས་གནང་ཡོད་གསུངས། སྤྱི་ལོ་ 1988 ཟླ་ 6 པའི་<<ཤེས་བྱ།>> གསར་དེབ་ཏུའང་། “ཕྱི་ཟླ་ ༦ པའི་ཚེས ༦ ཉིན་ནས་བཟུང་ཉིན་བཞིའི་རིང་འདི་ག་བཞུགས་སྒར་དུ་བཀའ་ཤག་ནས་བཀའ་ཟུར་རྣམ་པས་དབུས་པའི་བཞུགས་སྒར་དུ་ངོ་ཡོད་གནས་རིམ་དྲུག་པ་ཡན་གྱི་སྲི་ཞུ་བ་ལས་གནས་སུ་ཡོད་པ་དང༌། བགྲེས་ཡོལ་བཅས་བའི་ཐོག་ཝར་ཎ་བོད་ཀྱི་མཐོ་སློབ་ཀྱི་སློབ་སྤྱི་ཟམ་གདོང་རིན་པོ་ཆེ་དང་། ཚོགས་པ་ཁག་དང་། ཆོས་སྒར། གཞིས་སྒར་ཁག་བཅས་ཀྱི་མི་དམངས་འཐུས་མི་ཞུགས་པའི་ཚོགས་འདུ་རྒྱས་འཛོམས་ཧྲག་བསྡུས་ཤིག་སྐོང་ཚོགས་གནང་བ་རེད།” ཅེས་གསལ། དེ་ལྟར་ན། སི་ཏྲས་སི་སྦག་གི་གྲོས་འཆར་དེ་ཉིད་ཇི་ལྟར་གཏན་ལ་ཕབ་ཚུལ་ཧ་ཅང་གསལ་བར་གྱུར་ཡོད།
སི་ཏྲས་སི་སྦག་གི་གྲོས་འཆར་དང་བོད་རྒྱ་ཞི་མོལ་བཤད་པ་ན། དབུ་མའི་ལམ་དང་རང་བཙན་གྱི་སྐད་ཆ་དེ་རང་བཞིན་གྱིས་ཐོན་ཡོང་བ་ཡིན། དབུ་མའི་ལམ་གྱི་སྲིད་ཇུས་ནི་བོད་རྒྱ་གཉིས་གྲོས་མོལ་གྱི་ལམ་ནས་ཞི་འགྲིག་གནང་རྒྱུའི་ཐབས་ལམ་ཞིག་རེད། ཞི་འགྲིག་ཅེས་པ་ཡང་ཕྱོགས་གཉིས་ཀས་མོས་མཐུན་གནང་བའི་ཐོག་ནས་དཀའ་རྙོག་སེལ་རྒྱུ་དེ་རེད། ཡང་གཅིག་བཤད་ན། དབུ་མའི་ལམ་ནི་བོད་ཁམས་ཆགས་འཇིག་མ་ངེས་པའི་ཉེན་ཁ་ལས་མྱུར་སྐྱོབ་ཡོང་ཐབས་དང་གཞིས་ལུས་བོད་མིའི་སྡུག་བསྔལ་རྣམས་གང་མྱུར་སེལ་རྒྱུ་དམིགས་ཡུལ་དུ་བཞག་པའི་སྲིད་ཇུས་ཤིག་རེད། དེ་ནི་རྒྱ་མིའི་མངོན་འདོད་དམ་ཁེ་ཕན་སྒྲུབ་པའི་ཐབས་ལམ་ཞིག་གཏན་ནས་མིན། དབུ་མའི་ལམ་གྱིས་སྔར་བོད་རང་བཙན་ཡིན་པའི་གནས་བབ་ལ་བསྙོན་འདིང་གིན་མེད་ལ། ད་ལྟའི་རང་བཙན་སྒྲུབ་མཁན་ཚོར་བཙན་ཤེད་ཀྱིས་བཀག་འགོག་ཀྱང་གནང་གིན་མེད།
ཁྱེད་ཀྱི་རྣམ་དཔྱོད་ལ་མངོན་པར་བསྟོད།
ནམ་རྒྱུན་འདིས་རིགས་རེ་སྤེལ་རོགས།🙏