top of page
Search

ང་དང་དག་གསར།

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Nov 3, 2020
  • 1 min read

ree

དག་ཡིག་གསར་བསྒྲིགས་་དཔར་ཏེ་ཐོག་མར་འགྲེམ་སྤེལ་བྱེད་སྐབས་ང་ཞང་སློབ་གྲྭའི་སློབ་མ་འཁྲེབ་ཏོ་ཞིག་ཡིན་ལ། རྩེད་མོ་རྩེ་རྒྱུ་མ་གཏོགས་སློབ་སྦྱོང་མི་བྱེད་མཁན་ཞིག་ཡིན།

རྫོང་ཐོག་ཏུ་དག་ཡིག་གསར་བསྒྲིགས་འགྲེམ་སྤེལ་བྱེད་བཞིན་པ་གོ་མ་ཐག་ལག་ཏུ་སྒོར་མོ་འདང་ངེས་མེད་ཀྱང་། དག་གསར་ཉོ་བྱེད་ཀྱི་སྒོར་མོ་ཁྱེར་ནས་ང་དང་ངའི་རོགས་པ་གཉིས་སློབ་གྲྭ་ནས་བྲོས་ཏེ་ཕྱིན།

དག་གསར་བཀྲམ་མ་ཐག་རྫོགས་ཚར་ཏེ་ཉོ་ཐབས་མ་བྱུང་བས་སྐྱོ་བ་ཚད་མེད་བྱུང་། དེར་ངོ་ཤེས་ཤིག་གང་དུ་ཡོད། རྫོང་ཐོག་ལ་བསླེབས་པའང་དང་པོ་རེད། སློབ་གྲྭ་ནས་བྲོས་ཏེ་འོངས་པས་ལག་སྟོང་དུ་ཕྱིར་སོང་ན། དགེ་རྒན་དང་ནང་མི་ལ་ཅི་བཤད་བསམས་ནས་དངངས་སྐྲག་ཀྱང་ཚད་མེད་སྐྱེས།

མ་གཞི་ནས་དེ་དུས་ངེད་ཅག་བྱིས་པ་ལོ་ཆུང་ཡིན་པས། སློབ་དེབ་ནང་གི་སྦྱོང་ཚན་རྣམས་ཤེས་སོང་ན་རབ་རེད། ཚིག་མཛོད་ཅིག་གིས་ཅི་བྱེད། འོན་ཀྱང་། སེམས་ཀྱི་གཏིང་དུ་དཔེ་དེབ་ལ་དུང་བའི་དགའ་སྣང་རང་གིས་ཀྱང་བཤད་མི་ཤེས་པ་ཞིག་དེ་དུས་ནས་ཡོད།

རྫོང་མི་རིགས་སློབ་འབྲིང་དུ་སློབ་སྦྱོང་བྱེད་སྐབས། གཞི་ནས་དག་ཡིག་གསར་བསྒྲིགས་ཉོས་ཏེ་བཀོལ་སྤྱོད་བྱེད་མགོ་བཙུགས། འོན་ཀྱང་། རང་ཉིད་སློབ་སྦྱོང་ལ་འབད་བརྩོན་བྱེད་མཁན་ཞིག་མིན་པས་བེད་སྤྱོད་ནི་དེ་ཙམ་མ་བྱུང་། རྒྱུ་མཚན་གཅིག་ནི། དགེ་རྒན་བཀའ་དྲིན་ཅན་གྱིས་ཐ་སྙད་རྣམས་ལ་འགྲེལ་བཤད་ཧ་ཅང་གསལ་པོ་བྲིས་ཏེ་གནང་བས་ཚིག་མཛོད་བཀོལ་སྤྱོད་བྱེད་དགོས་དོན་མེད་པ་དེ་རེད།

མི་རིགས་སློབ་འབྲིང་དུ་སློབ་སྦྱོང་བྱེད་སྐབས། བོད་ཡིག་རྒྱ་ཡིག་རྩིས་རིག་ས་རྒྱུས་ལོ་རྒྱུས་གླུ་དབྱངས་བཅས་སློབ་ཚན་དྲུག་ཙམ་ལས་མེད་ལ། གླུ་དབྱངས་ནི་གཟའ་འཁོར་རེར་ཐེངས་གཅིག་རེ་དང་། ས་རྒྱུས་དང་ལོ་རྒྱུས་གཉིས་ཀྱང་གཟའ་འཁོར་རེར་ཐེངས་གཉིས་གསུམ་ཙམ་ལས་མེད། རྒྱུ་མཚན་ཅི་ཡིན་མི་ཤེས་ཀྱང་། ཁོ་བོས་རྒྱ་ཡིག་ལ་དོ་སྣང་མ་བྱས་པར་མ་ཟད། གཏན་ནས་མི་སྦྱོང་བའི་བློ་ཐག་ཀྱང་བཅད། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། རྒྱུགས་འཕྲོད་ཙམ་ཞིག་གིས་འགྲིག་པར་བྱས། འཛིན་གྲྭ་འཚོགས་པའི་སྐབས་སུ་བོད་ཡིག་ལ་སེམས་གཏད་པ་འདྲ་ཞིག་གཞན་ལ་མ་གཏད།

ree

ངའི་བོད་ཡིག་དགེ་རྒན་ཨ་ལགས་ཀོའུ་བ་ཚང་།


དེ་དུས་ཆེད་དུ་མ་སྦྱངས་ཀྱང་དབུ་མེད་ཀློག་རྒྱུར་ཡང་དཀའ་ངལ་མེད། ང་ཚོའི་དགེ་རྒན་ནི་ཨ་ལགས་ཀོའུ་བ་ཚང་ཞེས་པའི་བླ་མ་མཁས་པ་གསུང་དེ་ཙམ་མི་འབྱོན་མཁན་ཞིག་རེད། སློབ་གྲྭ་དེའི་དགེ་སློབ་ལས་བྱེད་ཡོངས་ཀྱིས་བརྩི་བཀུར་ཆེན་པོ་ཞུ། དེ་ནི་ཁོང་བླ་མ་ཡིན་པའི་རྒྱུ་མཚན་གྱིས་མ་རེད། ཁོང་བོད་ཡིག་ཙམ་དུ་མ་ཟད། རྒྱ་ཡིག་ལ་ཡང་ཤིན་ཏུ་མཁས་ཤིང་། ཐུགས་གཤིས་ནི་ཀུན་གྱིས་མིག་དཔེར་ལྟ་ས་ཞིག་ཏུ་གྱུར་ཡོད།

གཟའ་པ་སངས་ཀྱི་དགོང་མོའི་རང་སྦྱོང་འཛིན་གྲྭ་དེ་ཁོང་གིས་བདག་ཏུ་བཟུང་སྟེ། བོད་ཡིག་སློབ་དེབ་ནང་མེད་པའི་སྲོལ་རྒྱུན་ཡིག་སྲོལ་གྱི་སྦྱོང་ཚན་མང་པོ་ནག་པང་སྟེང་བྲིས་ཏེ་སློབ་མ་ཚོར་སྤྲད་ཅིང་། བོད་ཡིག་དང་སྲོལ་རྒྱུན་གྱི་བསམ་བློའི་རྨང་གཞི་བརྟན་པོ་བཞག། ད་ལྟ་བསམས་ན། ཡོན་ཏན་གྱིས་ལྕི་བ་དང་བཀའ་དྲིན་གྱིས་ལྕི་བའི་རྒྱུ་མཚན་གཉིས་ཀྱི་སྟེང་ནས་གུ་རུ་ཞེས་པའི་ཚིག་གི་གོ་བ་ལོན་དགོས་གསུངས་པ་ལྟར། ཁོང་ནི་ངེད་ཅག་གི་བཤེས་གཉེན་ཕུལ་དུ་བྱུང་བ་ཞིག་ཡིན་པ་ད་གཟོད་ཤེས།

ཉིན་ཞིག་ཁོང་གིས་ང་བོས་ཏེ། ད་ནས་བཟུང་གཟའ་པ་སངས་དགོང་མོའི་ཟིན་བྲིས་ནག་པང་སྟེང་འབྲི་རྒྱུའི་འགན་དེ་ཁྱེད་ཀྱིས་ལེན་དགོས་གསུངས། ང་ཧ་ལས་ཀྱང་། མིན་ཟེར་ག་ལ་ཐུབ། དགེ་རྒན་ཟེར་ན་སེམས་ནང་གི་གནམ་དང་ལྷ་རེད། ལགས་སོ་ཞུས་ཏེ་ཁོང་གི་ཟིན་བྲིས་དེབ་ཁྱེར་ནས་ཡོང་། ཁོང་གིས་བྲིས་པ་ཚང་མ་དབུ་མེད་རེད།

ཅིའི་ཕྱིར་ལས་འགན་དེ་སློབ་མའི་ལག་ཏུ་བཞག་པ་ཡིན་ནམ། ཁོང་རང་ཉིད་ཀྱིས་གནང་མ་འདོད་པ་ཡིན་ནམ། དེ་ཡིན་ས་མ་རེད། ངས་བསམས་ན། ང་རྩེད་མོ་རྩེ་རྒྱུར་གཡེང་དྲགས་པ་མཁྱེན་ཏེ་སྦྱོང་བརྡར་གྱི་ལས་ཀ་ལྷག་མ་ཞིག་གོ་སྒྲིག་གནང་བ་རེད་སྙམ།

གང་ལྟར། གཟའ་འཁོར་དེའི་གཟའ་པ་སངས་ཀྱི་དགོང་མོར་སློབ་མ་རྣམས་ཀྱིས་དགེ་རྒན་ཕེབས་པར་བསྒུགས་ཡོད་པ་འདྲ། སྐབས་དེར་ངས་ཅི་ཡང་མ་བཤད་པར་དགེ་རྒན་གྱི་ཟིན་བྲིས་དེབ་དེ་ཁྱེར་ནས་ནག་པང་མདུན་དུ་སོང་། ང་ངོ་ཚ་ཞིང་། སློབ་གྲོགས་རྣམས་ཧང་སངས།

ངས་ནག་པང་སྟེང་ཡི་གེ་གང་རེ་བྲིས་པ་སློབ་མ་རྣམས་ཀྱིས་བཤུས། ཡང་བྲིས། ཡང་བསུབས། དེ་ལྟར་རང་སྦྱོང་འཛིན་གྲྭ་གྲོལ་བ་ན། སློབ་གྲོགས་ཚོས་ཉིན་གཅིག་གི་ལས་ཀ་ཡོངས་སུ་ཚར་ཏེ་གཟའ་མཇུག་གི་གུང་གསེང་ལ་བསམ་བློ་གཏོང་། ངས་ནི་གཞི་ནས་ནག་པང་སྟེང་གང་བྲིས་པ་རྣམས་དགེ་རྒན་གྱི་ཟིན་བྲིས་ནས་རང་གི་འབྲི་དེབ་སྟེང་བཤུ་དགོས།

ree

ངའི་དགེ་རྒན་བཀའ་དྲིན་ཅན་ཚང་།


ལས་དོན་དེ་དཀའ་ཚེགས་ཆེ་ཡང་། ང་བོད་ཡིག་ལ་དགའ་བས་ཉོབ་སྣང་གཏན་ནས་མ་བྱུང་། མ་གཞི་ལོ་ཆུང་ཡིན་པས། ལེ་ལོ་མ་གཏོགས་ངལ་དུབ་ཀྱི་སྣང་བ་མི་སྐྱེ། བར་སྐབས་ཤིག་དགེ་རྒན་གྱིས་ང་ལ་ཐུགས་འཁུར་གནང་བ་འདྲ། རོགས་པ་གཞན་ཞིག་བཀོད་སྒྲིག་གནང་། དེ་ནས་བཟུང་ངེད་གཉིས་ཀྱིས་རེས་མོས་ཀྱིས་བསྒྲུབས། དུས་ཡུན་ཅི་ཙམ་རིང་དེ་ལྟར་བྱས་པ་ད་ལྟ་མི་དྲན།

ང་ཚོས་དགེ་རྒན་གྱིས་ཅི་ཞིག་བསླབས་ཀྱང་ཚིག་དོན་གཉིས་ཀ་ཤེས་དགོས་པར་མ་ཟད། དག་ཆ་ཡང་མ་ནོར་བར་འབྲི་ཤེས་དགོས། སྐབས་རེར་གློ་བུར་དུ་ནག་པང་མདུན་དུ་བོས་ཏེ། མིང་ཚིག་འགའ་རེ་འབྲི་རུ་འཇུག། གལ་ཏེ་སུ་ཞིག་གིས་ལག་པ་ཡར་བཀྱགས་ཏེ་བསམ་ཚུལ་གཞན་ཡོད་པའི་རྣམ་འགྱུར་བསྟན་ན། དེས་ནག་པང་སྟེང་གི་ཡིག་ནོར་ལ་ཞུས་དག་གཏོང་དགོས། དེ་ནི་རྩེད་མོ་སྐྱིད་པོ་ཞིག་ཀྱང་རེད་ལ། དེ་ལྟར་སྦྱངས་པ་རྣམས་བློ་ལ་བརྟན་པོར་འབྱར་འགྲོ་བ་ཞིག་ཀྱང་རེད།

དེ་ལྟར་དགེ་རྒན་རིན་པོ་ཆེས་ངེད་ཅག་བོད་ཡིག་གི་ལམ་དུ་ཁྲིད། དེ་ལྟར་ངེད་ཅག་བོད་ཡིག་ལ་སྔར་ལས་དུང་བར་གྱུར། དགེ་རྒན་གྱིས་བྲིས་པའི་མིང་ཚིག་མཆན་འགྲེལ་དང་། སུམ་རྟགས་གཉིས་ཀྱི་རྩ་བ། བརྡ་དག་ཚིགས་བཅད་དུ་བསྡེབས་པ། ཉམས་མྱོང་རྒན་པོའི་འབེལ་གཏམ་སོགས་སློབ་མ་ཀུན་གྱི་ངག་ཏུ་ཆུ་རྒྱུག་རྒྱུག་ཡིན།

དགེ་རྒན་གྱིས་བཟོས་པའི་ཁྲིམས་ནི། བློ་རྒྱུགས་འབུལ་སྐབས། ཚིག་གཅིག་ནོར་བའམ། ཐེངས་གཅིག་ཐོགས་སོང་ན། ཕྱིར་སོང་ནས་སྐྱོར་དགོས་པ་དེ་ཡིན། དེ་ལྟར་བློ་འཛིན་ལ་ཡང་ནན་ཏན་ཆེན་པོ་མཛད། འདི་ནི་སློབ་དེབ་ནང་ཡོད་པའི་སློབ་ཚན་མ་རེད། སློབ་མའི་ཀླད་པ་རྒྱ་བསྐྱེད་དགོས་ན། སློབ་དེབ་ནང་ཡོད་པ་གཅིག་པུ་འཁྲིད་པ་ཙམ་གྱིས་མི་ཡོང་། དགེ་རྒན་གྱི་ཤ་ཚ་དང་འབད་བརྩོན་གཉིས་ཇི་ལྟར་ཆེ་ན། སློབ་མའི་ཤེས་ཡོན་དང་བསམ་བློ་གཉིས་དེ་ལྟར་ཆེ་རུ་འགྲོ་བ་ཡིན།

སྐབས་དེ་ཤེད་ཅིག་ནས་བོད་ཡིག་གི་དཔེ་ཆར་དུང་བའི་ཚོར་བ་ཉིན་རེ་ནས་ཉིན་རེར་འཕེལ་ཟེར་ན་རྫུན་ཡིན་ཡང་། མི་དགའ་བ་ཞིག་གཏན་ནས་མ་བྱུང་། དཔེ་དེབ་གསར་པ་ཞིག་ཐོན་སོང་ན། རང་ལ་བེད་སྤྱོད་ཡོད་མེད་དང་རང་ལ་འཚམས་མི་འཚམས་ལ་མི་ལྟ་བར་སྒོར་མོ་ཡོད་ན་ཉོ་རྐྱང་བྱས། དཔེ་ཆ་རྣམས་རང་གི་མིག་མདུན་དུ་བསྒྲིགས་ཏེ་བཞག་ན་ཡང་སེམས་ལ་དགའ་སྣང་དང་སྤོབས་པ་ཆེན་པོ་སྐྱེ།

དེའི་རྗེས་སུ། བསྡུས་ཚད་སློབ་པའི་ཞོར་ནས་ཀློག་རྒྱུ་ནི་སྦྲང་ཆར་དུས་དེབ་སོགས་ཡིན། དུས་དེབ་སྟེང་གི་རྩོམ་པ་པོ་རྣམས་ངོ་མི་ཤེས་ཀྱང་བརྩེ་བ་ཤིན་ཏུ་ཟབ། ངེད་ཅག་གཞོན་པ་རྣམས་འཛོམ་སྐབས། རྩོམ་པ་པོ་དེ་དང་དེའི་རྩོམ་ཡིག་དེའི་ནང་འདི་དང་འདི་ལྟ་བུ་བྲིས་འདུག་ཅེས་བཤད་རྒྱུ་བྱུང་ན་སྤོབས་པ་སྐྱེ།

བར་སྐབས་ཤིག། རྡོ་རིང་པཎྜི་ཏའི་རྣམ་ཐར་སྟོད་སྨད་གཉིས་ཅན་དེ་ཐོན་སོང་། དེ་ཉོས་ཀྱང་། ནན་ཏན་གྱིས་ཀློག་རྒྱུ་མ་བྱུང་བ་ད་ལྟའང་སེམས་སུ་གསལ་ལེར་དྲན། གནས་སྟངས་དེ་ལྟ་བུ་མང་དུ་བྱུང་། དཔེ་དེབ་གསར་པ་རེ་ཐོན་ན་ཉོ་ཨེ་ཐུབ་ཀྱི་འབད་པ་རྒྱུན་མར་བསྟེན།

རྒྱ་གར་དུ་ཡོང་སྐབས། ཁྱེར་ཡོང་བ་ནི་ཟ་མ་དང་སྒོར་མོ་དང་དཔེ་དེབ་བཅས་རེད། ཟ་མ་རྣམས་ཟོས་ནས་ཚར་ཞིང་། སྒོར་མོ་ཡང་ནམ་ཚར་མ་ཤེས་པར་ཟད། དཔེ་ཆ་རྣམས་བལ་བོད་ས་མཚམས་སུ་ལུས། འདི་ལ་ད་དུང་ཡང་ཕངས་སེམས་ཡོད། གནས་སྤོ་ཐེངས་རེ་རེར་དེ་ལྟར་བྱུང་ན་ཡང་། གང་དུ་སོང་ཡང་གང་དུ་བསྡད་ཀྱང་བོད་ཡིག་གི་དཔེ་ཆ་དང་ཁ་མ་བྲལ།

ཀློག་གིན་ཀློག་གིན། བོད་ཡིག་ལ་བརྩེ་བ་དང་ཤ་ཚ་གཉིས་ཀ་ཆེ་རུ་གྱུར། ཞེན་ཁོག་ངན་པ་ནི་མ་རེད། ངས་རྒྱ་གར་ལྷོ་ཕྱོགས་སུ་སློབ་གཉེར་བྱེད་པའི་སྐབས་ཤིག། བསྟན་བཅོས་མཛད་པ་པོ་དེ་དག་གིས་འདི་ལྟ་བུ་ཞིག་བྲིས་མེད་ན། ངས་གནད་དོན་འདི་ཚོ་ཇི་ལྟར་ཤེས་སྙམ་པའི་ཚོར་བ་ཤུགས་ཆེར་བྱུང་། དེ་ལྟར་ང་བོད་ཡིག་དང་བོད་ཡིག་འབྲི་མཁན་ལ་ཧ་ཅང་དགའ།

བཙན་བྱོལ་འདིའི་ནང་བསམ་བློ་རྗེས་ལུས་ཀྱི་ན་ཚ་ངན་པ་ཕོག་མཁན་ཧ་ཅང་མང་། དེ་དག་གིས་“ངས་བོད་ཡིག་མི་ཤེས་”ཟེར་ནས་ང་རྒྱལ་དང་སྤོབས་པ་བྱེད། གོ་རྒྱུ་བཏང་བ་ནི་དབྱིན་ཡིག་ཤེས་ཞེས་པ་དེ་རེད། སྔོན་ཐོན་མི་རིགས་ཚོས་རང་གི་སྐད་ཡིག་མ་ཤེས་ན་ངོ་ཚ་བྱས་ཏེ་གང་ཐུབ་ཀྱིས་སྦྱོང་། གཞོན་ནུ་མང་པོས་རང་རང་གི་ཕ་མར་ལེ་བདའ་བྱས་ཏེ། རང་གི་ཕ་ཡིག་མ་སྐད་སྦྱོང་བའི་གོ་སྐབས་མ་བསྐྲུན་པ་ཅི་ཡིན་ཞེས་འཁང་ར་ཡང་བྱེད།

གཞན་སྐད་ལ་མཐོང་སྤྲད་དེ་རང་སྐད་ལ་མཐོང་ཆུང་བྱེད་པ་འདི་ནི་བྲན་གཡོག་གི་གཤིས་ཀ་ངོ་མ་དེ་རེད། དེ་དག་ལ་མི་རིགས་ཀྱི་སྤོབས་པ་མེད་སོང་བ་རེད་ལ། རང་ཉིད་ལ་ཡང་མཐོང་མེད་སོང་བ་རེད། གཞན་གྱིས་བཙན་འཛུལ་བྱེད་སའི་མི་རིགས་དང་། བརྙས་བཅོས་དང་མཐོང་ཆུང་ཕོག་པའི་མི་རིགས་དང་མི་སྒེར་ལ་བྲན་གཤིས་ངན་པ་འདིའི་བག་ཆགས་ཧ་ཅང་མཐུག། ང་ཚོས་རང་ཉིད་ཙམ་དུ་མ་ཟད། གཡས་གཡོན་གྱི་མི་རིགས་དང་མི་སྒེར་དག་ལ་བལྟས་ནའང་། མི་རིགས་ཀྱི་སྤོབས་པ་དང་ལ་རྒྱ་བོར་ཅིང་། བྲན་གཤིས་ཀྱི་རྣམ་འགྱུར་ལུས་ངག་ཏུ་ཐོན་པ་ཧ་ཅང་མང་བ་མཐོང་ཐུབ།

བཙན་བྱོལ་གྱི་བོད་རིགས་གཞོན་ནུ་མང་པོས་བོད་མི་ནང་ཁུལ་ལ་གོ་བརྡ་ཇི་བཞིན་སྤྲོད་མི་ཐུབ། དེ་དག་གིས་བོད་དབྱིན་འདྲེས་མ་བཤད་དེ་མཛེས་ཉམས་ལྟ་བུ་བྱེད་ཀྱང་། མཐར་གཏུགས་ན། རང་ཉིད་བསམ་བློ་རྗེས་ལུས་ཅན་ཡིན་པ་མ་ཤེས་པ་རེད། བོད་རིགས་གཞན་ལ་གོ་བརྡ་མ་འཕྲོད་ན། རང་གི་ཁོག་པའི་དབུགས་ཕྱིར་ཕྱུང་བ་འཕྲོ་བརླག་རེད། སྐད་ཆ་བཤད་པ་ནི་གོ་བརྡ་འཕྲོད་པའི་སླད་ལོས་ཡིན། བོད་ཚིག་ཤེས་བཞིན་དུ་གཞན་ཚིག་བེད་སྤྱོད་བྱེད་མཁན་དེ་ཚོ་ནི་མི་རིགས་ཀྱི་ཐོན་རྫས་ཡག་པོ་ཞིག་མ་རེད།

གོང་དུ་འཕྲོས་བཤད་བྱས་པ་མང་དྲགས་སོང་བ་ལ་དགོངས་སེལ་ཞུ། ང་བོད་ཡིག་དང་བོད་ཡིག་གི་དཔེ་ཆར་དགའ་ཚུལ་བཤད་ན། འབྲི་རྒྱུ་ཧ་ཅང་མང་ཡང་། མང་དྲགས་ན་ཀློག་མཁན་ཚོས་ཅི་ཟེར་མི་ཤེས་པས། འདི་ཙམ་གྱིས་འགྲིག་པར་བྱེད་འདོད།

མདོར་ན། ང་ཆུང་བའི་དུས་སུ་བོད་ཡིག་གི་དཔེ་ཆ་ཞིག་མཐོང་ན་རང་བཞིན་གྱིས་དེར་སེམས་ཆགས་འགྲོ་བ་ཞིག་ཡིན། འོན་ཀྱང་། ད་ལྟ་ནི་དེ་ལས་ལྡོག་སྟེ། རང་ལ་མཁོ་བ་ཞིག་མིན་ན། ཉོ་རྒྱུ་ཕར་ཟད། སྤྲད་ན་ཡང་མི་ལེན་པ་ཞིག་ཏུ་གྱུར་ཡོད། དེ་ནི། རང་ཉིད་བཙན་བྱོལ་བ་ཞིག་ཡིན་པས་སྡོད་གནས་གཏན་འཁེལ་མེད་པའི་སྟབས་ཀྱིས་རེད། དེ་ལྟ་ན་ཡང་། ད་དུང་དག་ཡིག་གསར་བསྒྲིགས་དང་ཁ་བྲལ་མེད་ལ།བོད་ཡིག་ལ་ཡང་ཁ་བྲལ་མེད་དོ།།



 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

Comments


Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page