top of page
Search

ས་ཕག་ཟླ་ ༡༢ ཚེས་ ༧ སྤྱི་ལོ་ 1960 ཟླ་ 2 ཚེས་ 3 ཉིན་ཕུལ་བའི་མནའ་གན་མཐུ་མོ་ཆེ།

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Sep 17, 2021
  • 1 min read

Updated: Sep 19, 2021

མནའ་གན་མཐུ་མོ་ཆེའི་ངོ་བཤུས་ཡོད་ས་གཉིས་མཐོང་བའི་དང་པོ་ནི། <<དུས་འགྱུར་མ་བྱུང་གོང་བོད་དུ་ཆབ་སྲིད་སྐྱོང་རིམ།>> ཞེས་པའི་ཤོག་ངོས་ ༢༡༧ རེད།

ree

གཉིས་པ་ནི། <<བཙན་བྱོལ་ནང་གི་མི་ལོ་དྲུག་ཅུའི་བྱུང་བ་བརྗོད་པ།>> ཞེས་པའི་ཤོག་ངོས་ ༢༨ རེད།

ree

གནས་མཆོག་རྡོ་རྗེ་གདན་དུ་ཆོལ་གསུམ་སེར་སྐྱ་ཡོངས་ནས་ཕུལ་བའི་མནའ་གན་མཐུ་མོ་ཆེའི་ཞལ་བཤུས།

༈ རྒྱ་གར་འཕགས་པའི་ཡུལ་དུ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་ ༡༤ པ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཆིབས་བསྒྱུར་སྐབས་རྒྱ་གར་ཁུལ་དུ་སྔ་རྗེས་འབྱོར་བའི་བོད་མི་སྡོད་སྒར་སོ་སོའི་སྤྱི་འཐུས་རྣམས་འདུ་འཛོམས་སེར་སྐྱ་མི་མང་སྤྱི་མགྲིན་ནས་བརྟན་བཞུགས་༸ཞབས་བརྟན་བསྟར་འབུལ་དང་ཆབས་ཅིག་འབྱུང་འགྱུར་བོད་རིགས་རྣམས་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་ཞུ་རྒྱུའི་གན་རྒྱ་འབུལ་ལམ་ཞུས་པ་གཤམ་གསལ།

༄༅།། རབ་བྱུང་ ༡༦ པའི་བོད་ས་ཕག་ཟླ་ ༡༢ ཚེས་ ༧ ལ། དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དང་། དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏི། བསྟན་སྲུང་དམ་ཅན་རྒྱ་མཚོ་དཔང་དུ་བཙུགས། ཕན་བདེའི་འབྱུང་གནས་ལུགས་གཉིས་༸གོང་མ་ཁྲིམས་བདག་རིན་པོ་ཆེའི་༸ཞབས་དྲུང་དུ།

བདག་མིང་རྟགས་ཁུངས་གཤམ་གསལ་རྣམས་བློ་ཡིད་གཅིག་ཏུ་མཐུན་པའི་རང་མོས་བློས་བླངས་ནམ་ཡང་འགྱུར་མེད་ཀྱི་གན་རྒྱ་མཐུ་མོ་ཆེ་གཙང་མར་འཇོག་སྙིང་། དོན་རྩ། འཇིག་རྟེན་ཡོངས་ལ་ཕན་བདེ་གང་ལས་བྱུང་བའི་རྩ་ལག་དམ་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་རྒྱས་ཡུན་རིང་དུ་གནས་ཐུབ་པ་དང། རང་ཅག་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་ཆུ་ཞི་སྒང་དྲུག་ཨ་མདོ། འགུ་ལོག་བཅས་བོད་ཆོལ་ཁ་གསུམ་གྱི་མི་མང་ཡོངས་ལ་བདེ་སྐྱིད་ཀྱི་དཔལ་ཡོན་རྟག་ཏུ་བཞད་པའི་ཐབས་ཚུལ་ལ་གངས་ལྗོངས་རྒྱལ་བསྟན་ཆབ་སྲིད་ཡོངས་ཀྱི་བདག་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ཉིན་མཚན་དུས་དྲུག་ཏུ་ཐུགས་ཁུར་ཟབ་བཞེས་བཀའ་དྲིན་མུ་མཐའ་མེད་པ་བསྐྱངས་རུང། རང་ཅག་བོད་རིགས་མི་མང་ཡོངས་ནས་ད་བར་མཐུན་ལམ་རྡོག་རྩ་གཅིག་ཏུ་བསྒྲིལ་བའི་ཁུར་བབས་སྲི་ཞུ་ལྷག་བསམ་རྣམ་དག་ཅིག་སྒྲུབ་མ་ཐུབ་པའི་ཉེར་ལེན་དང་།བསྟན་པ་སྤྱི་བགེགས་གཉིས་ཀའི་ངན་འབྲས་བཟློག་ཏུ་མེད་པ་རང་ས་དགྲ་ཡིས་ཧམ་བཟུང་གིས་བོད་ཆོལ་ཁ་གསུམ་གྱི་ཁོངས་སུ་གཏོགས་ཚད་ཀྱི་མི་རྒྱུ་ཟོག་གསུམ་གང་ལའང་ལྟ་བཟོ་སྤུ་ཙམ་མེད་པར་ད་ཆ་བོད་མི་ཀུན་གྱི་ཡིད་ལ་བཟོད་པར་དཀའ་བའི་སྡུག་བསྔལ་གྱི་ཚོར་བ་དྲག་པོ་མྱོང་མུས་ཀྱང། ད་དུང་གནས་སྐབས་རང་གི་བདེ་དོན་ཕྲ་མོར་ཞེན་པའི་འཁྲི་བ་མ་བཅད་པར། མཁྲེགས་ཆོས་སུ་བཟུང་སྟེ་བསྟན་པ་སྤྱི་དོན་ལ་རང་ཅག་བོད་རིགས་ཚང་མས་སྔར་མུས་ལྟར་སྤྱི་ཟོམ་ཡལ་ཡོལ་འབའ་ཞིག་གི་དབང་དུ་མ་སོང་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ངལ་ཁྱད་བསད་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་བསྒྱུར་བཀའ་དྲིན་ཆེ་སྟེ་བོད་ལྗོངས་ཆོལ་ཁ་གསུམ་གྱི་ཁྱོན་ལ་ཆོས་སྲིད་རང་དབང་བདེ་སྐྱིད་རྫོགས་ལྡན་གསར་པའི་དགེ་མཚན་གསར་དུ་བཞད་ཐབས་ལ་༸སྐུའི་གསང་བ་གསུམ་གྱི་ཡོན་ཏན་མ་ལུས་པ་གཅིག་ཏུ་སྤུངས་ཏེ་མཐུ་སྟོབས་ནུས་པའི་རྣམ་འཕྲུལ་ནི་རང་ཅག་སོ་སྐྱེ་རྣམས་ཀྱི་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་མཐའ་ཡས་རྒྱ་ཆེའི་མཛད་འཕྲིན་གྱི་འོད་སྟོང་འཛམ་གླིང་ཡངས་པའི་གོ་ལར་མངོན་པར་དུ་འཕགས་པ་འདི་ནི་འཛམ་གླིང་ནང་གི་སངས་རྒྱས་པའི་རིང་ལུགས་ལ་ཞུགས་པ་རྣམས་དང། སྒོས་སུ་རང་ཅག་ཁ་བ་རི་པའི་སྐྱེ་འགྲོ་ཡོངས་ལ་བསམ་བཞིན་དད་པའི་སྤུ་ལོང་དབང་མེད་དུ་གཡོ་བའི་བཀའ་དྲིན་གྱི་ཚད་མཐའ་གཞལ་དུ་མེད་པ་དེ་ལྟ་བུའི་དུས་སྐབས་འདིར་རང་ཅག་བོད་རིགས་ཚང་མས་སྔར་བྱས་ལ་འགྱོད་སྡོམ་དྲག་པོ་དང། ཕྱིས་ཀྱི་ཁུར་བབས་ཞུ་བྱའི་ཐད་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་དགོངས་གཞི་ཟབ་མོ་དང་མཐུན་པའི་བོད་རིགས་ནང་ཁུལ་རང་རང་མིང་གི་རྗེས་སུ་བསྙེགས་པའི་ཕྱོགས་འཐེན་ཕྲག་དོག་རྣམས་ཞེ་ནས་སྤངས་ཏེ་མཐུན་བསྒྲིལ་རྡོག་རྩ་གཅིག་བསྒྲིལ་ལྕགས་ཀྱི་གོང་བུ་བཞིན་བྱེད་རྒྱུ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་འོག་ང་ཚོས་བཀའ་དགོངས་ཟབ་མོ་དང་མཐུན་པའི་ཁུར་བབས་ཞུ་བྱ་ཅི་མཆིས་ན་ནུས་འཆི་ཐུབ་ཞུས་ཚེ་བོད་སྤྱིའི་འཕྲལ་ཕུགས་བདེ་དོན་སྒྲུབ་པར་འདི་ལས་དགེ་མཚན་ཆེ་བ་མ་མངོན་པར་ཚང་མའི་མཐོང་སྣང་གཅིག་ཏུ་མཐུན་ཏེ་མ་བསྐུལ་དང་བླངས་དགའ་སྤྲོའི་སེམས་པས་ཁེངས་པའི་ངང་ནས་གྲོས་ཐག་གཙང་མར་བཅད་ཟིན་པ་འདི་ལས་ནམ་ཡང་མི་འགལ་ཞིང། གལ་སྲིད་འགལ་ཆར་འགྲོ་རིགས་དྲག་ཞན་སེར་སྐྱ་སུ་ཐད་ནས་ཕྲ་མོ་ཙམ་ཤར་རུང་ཡུལ་ཁྲིམས་དང་མཐུན་པའི་ལུགས་གཉིས་ཁྲིམས་ཀྱི་བདའ་འདེད་ཡན་པོར་མ་སོང་བ་བྱེད་པོ་སུ་ཡིན་རྣག་ཐོག་གཙག་འཁེལ་གྱི་བཀའ་དཔྱད་ཞུ་རྒྱུ་སྨོས་ཅི། དེས་ན་ཕྱིན་ཆད་མི་དམངས་ཀྱི་དགྲར་ཟིན་པ་མ་ཟད། ནང་པ་སངས་རྒྱས་པར་ཁས་འཆེ་བའི་མི་རིགས་ནས་རང་གི་ཁས་ལེན་དམ་བཞག་ལས་བཟློག་པའི་བགྱི་བ་ངན་པ་བྱེད་སྲིད་ན་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱི་ལས་འབྲས་དུས་སུ་བདོ་བའི་དྲག་པོའི་ཆད་པ་གཅོད་པར་མཛོད་ཅིག་ཅེས་ཇི་སྲིད་བར་དེ་སྲིད་རྩ་འཛིན་སྤྱི་མཐུན་གན་རྒྱར་མིང་རྟགས་རིམ་འབུལ་ཞུས་གྲས།

༡ གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་སྤྱི་འཐུས་བློ་གླིང་སློབ་དཔོན་པདྨ་རྒྱལ་མཚན་གྱི་ རྟགས།

༢ སེ་ར་ཐེག་ཆེན་གླིང་གི་སྤྱི་འཐུས་བྱེས་སློབ་དཔོན་བློ་བཟང་དོན་ཡོད་ཀྱི་རྟགས།

༣ དགའ་ལྡན་རྣམ་པར་རྒྱལ་བའི་སྤྱི་འཐུས་ཤར་རྩེ་སློབ་དཔོན་བློ་བཟང་ཆོས་འཕེལ་གྱི་རྟགས།

༤ རྒྱུད་གྲྭ་སྟོད་སྨད་ཀྱི་སྤྱི་འཐུས་རྒྱུད་སྨད་སློབ་ཟུར་ངག་དབང་ལེགས་ལྡན་གྱི་རྟགས།

༥ བཀའ་རྙིང་ས་གསུམ་གྱི་སྤྱི་འཐུས་དཔལ་སྤུངས་དབོན་སྤྲུལ་ཀརྨ་བདེ་ཆེན་ངེས་དོན་གྱི་རྟགས།

༦ ཀ་སྦུག་ཐར་ཆོས་དགོན་གྱི་སྤྱི་འཐུས་མཁན་པོ་ངག་དབང་སྦྱིན་པའི་རྟགས།

༧ རྡོར་གདན་བོད་གཞུང་དགོན་འཕེལ་རྒྱས་གླིང་གི་སྤྱི་འཐུས་དགེ་བརྐོས་སྦྱིན་པ་རྒྱ་མཚོའི་རྟགས།

༨ གཞུང་ཞབས་རྩེ་སྐོར་སྤྱི་འཐུས་མཁན་དྲུང་ངག་དབང་དོན་གྲུབ་གྱི་རྟགས། (ཨ་གུག་ལགས།)

༩ ཤོད་སྐོར་སྤྱི་འཐུས་རྩིས་དཔོན་རྣམ་གླིང་དཔལ་འབྱོར་འཇིགས་མེད་ཀྱི་རྟགས།

༡༠ བོད་གཞུང་དམག་སྒར་ཁག་གི་སྤྱི་འཐུས་ཀ་དང་སྐུ་སྲུང་རུ་དཔོན་བསོད་ནམས་བཀྲ་ཤིས་དང། ངག་ དབང་དོན་གྲུབ་གཉིས་ཀྱི་རྟགས།

༡༡ ཆུ་སྒང་ཨ་མདོ་འགུ་ལོག་བཅས་དང་བླངས་འགོ་མང་གི་སྤྱི་འཐུས་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་དང་ཨ་མདོ་ཆོས་ གྲགས་གཉིས་ཀྱི་རྟགས།

༡༢ མི་མང་སྤྱི་འཐུས་སྔོན་འབྱོར་སེར་སྨད་ཕྱག་དགེ་བློ་བཟང་རྡོ་རྗེའི་རྟགས། (ཤེལ་ཕྱག)

༡༣ མི་མང་སྤྱི་འཐུས་སྔོན་འབྱོར་ཨ་མདོ་རྒྱས་སྟོང་(ཚེ་རིང་)གི་རྟགས།

༡༤ སྟོད་གཙང་སྤྱི་འཐུས་གཞིས་རྩེ་ལས་གཙོ་སྤེ་ཟུར་རྡོ་རྗེ་ནོར་བུའི་རྟགས།

༡༥ མི་མང་སྤྱི་འཐུས་ཆུ་ཤུར་སྐན་གྲོང་ཚེ་རིང་སྟོབས་རྒྱས་ཀྱི་རྟགས།

༡༦ མི་མང་སྤྱི་འཐུས་སྣེ་གདོང་གཙོ་དྲག་དབང་འདུད་རྡོ་རྗེའི་རྟགས།

༡༧ མི་མང་སྤྱི་འཐུས་བསོད་ནམས་བསྟན་འཛིན་གྱི་རྟགས།

༡༨ མི་མང་སྤྱི་འཐུས་འཕྱོངས་རྒྱས་གཙོ་དྲག་ཤེས་རབ་ཀྱི་རྟགས།

༡༩ མི་མང་སྤྱི་འཐུས་རྨར་ལམ་མཛོད་པ་ཚེ་བརྟན་རྣམ་རྒྱལ་གྱི་རྟགས།

༢༠ མི་མང་སྤྱི་འཐུས་མར་ནང་པདྨ་ཚེ་དབང་གི་རྟགས།

༢༡ ཀོང་པོ་སྤྱི་འཐུས་རྩེ་སྒང་ལྷ་དབང་ཚེ་རིང་གི་རྟགས།

༢༢ ཀ་སྦུག་པང་ཅའི་སྤྱི་འཐུས་རྨར་ཁམས་ཐོས་བསམ་ཅན་ནས་སྤྱི་ཐམ།

༢༣ ཀ་སྦུག་ཡིད་མཐུན་སྤྱི་འཐུས་བསོད་ནམས་ཚེ་དབང་གི་རྟགས།

༢༤ མི་མང་སྤྱི་འཐུས་གྲོ་མོ་གོང་འཐུས་ཨ་ཕུར་གྱི་རྟགས།

༢༥ མི་མང་སྤྱི་འཐུས་འཇིགས་མེད་རྣམ་རྒྱལ་གྱི་རྟགས།

༢༦ ཝཱར་ཎ་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་གྱི་གནས་འཛིན་དགེ་སློང་ཐུབ་བསྟན་འབྱུང་གནས་ཀྱི་ རྟགས།

༢༧ རྡོར་གླིང་མི་མང་སྤྱི་འཐུས་བཟོད་པ་དང་། སྙན་གྲགས། ཨ་ཕྲ། ཕུར་བུ། ཨ་ཁུ། ཡེ་ཤེས་ཚེ་རིང་བཅས་སྤྱི་ ལག་སྐོར་བའི་རྟགས། ༼ཞེས་བཀའ་ཐམ་འབྱར་མའི་ཞལ་བཤུས་ཤིག་ནས་ཞུས་དག་སོང།། །།༽

 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

Comments


Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page