སློབ་དེབ་བློ་གསལ་མགུལ་རྒྱན་དང་ངའི་བསམ་ཚུལ།
- ཤེས་རབ་དར་རྒྱས། Sherab Dharge
- Dec 10, 2020
- 1 min read
Updated: Dec 11, 2020
༼འཁྲུག་རྩོད་ལ་གོམས་ཤུགས་ཆེ་ཞིང་མཐོང་བ་མངོན་སུམ་ཚུན་ཆད་ལ་བསྙོན་འདིང་རྒྱུར་ཅི་མི་སྙམ་པ་ཚོས་ཅི་ཟེར་མི་ཤེས་ཀྱང་། བློ་ཅན་ཚོར་བསམ་གཞིག་གི་སྒོ་མོ་ཅུང་ཟད་ཅིག་ཕྱེ་ཡོད། གཟིགས་འཚལ།༽

གཅིག།
•སློབ་དེབ་བློ་གསལ་མགུལ་རྒྱན་དེ་ཉིད་གྲྭ་གཞོན་རྣམས་ཀྱི་སློབ་གཉེར་ལ་གཟས་ཏེ་བསྒྲིགས་པ་ཞིག་ཡིན་ཙ་ན། དགོན་སྡེའི་སློབ་གསོའམ་སེར་མོ་བའི་ཤེས་ཡོན་ལ་བསམ་གཞིག་ཅུང་ཟད་མི་བྱེད་ཐབས་མེད་ཡིན། བཀའ་བསྟན་གཉིས་དང་གསུང་འབུམ་ཁག་ལ་བསམས་ན། སྔ་མོའི་དུས་སུ་བོད་གངས་ཅན་གྱི་ལྗོངས་སུ་སུས་ཀྱང་འགྲན་མི་ཐུབ་པའི་ཤེས་ཡོན་གྱི་རླབས་ཁ་ཧ་ཅང་མཐོ་ལ་ཞིབ་ཚགས་པའི་རང་བཞིན་ཅན་ཞིག་བྱུང་ཡོད་པ་ཤེས་ཐུབ་པར་མ་ཟད། ད་ལྟའི་དུས་སུ་སྔར་གྱི་ཤེས་ཡོན་གྱི་རྒྱུན་ཕལ་མོ་ཆེ་ཉམས་མེད་དུ་འཛིན་བཞིན་པ་འདི་ལ་བསམས་ན་ཡང་དགོན་སྡེའི་ཤེས་ཡོན་ལ་འཁང་ར་བརྗོད་པའི་འདུ་ཤེས་ཤིག་བསྐྱེད་མི་ཕོད། འོན་ཀྱང་། ཞིབ་ཏུ་བསམས་ཏེ་བརྟགས་ན། དུས་སྐབས་རེའི་དགོན་སྡེའི་ཤེས་ཡོན་འཛིན་མཁན་གྱི་གྲངས་འབོར་ནི་ཆེན་པོ་ཞིག་གཏན་ནས་མ་རེད། སློབ་གཉེར་བ་བརྒྱ་ཐམ་པ་ཡོད་པའི་འཛིན་གྲྭ་ཞིག་དཔེར་བླངས་ཏེ་བཤད་ན། མི་ལོ་བཅོ་ལྔ་ནས་ཉི་ཤུའི་རིང་སློབ་གཉེར་གནང་སྟེ་མཐར་ཕྱིན་པའི་ཚེ་ན་འཛིན་གྲྭ་དེ་ནས་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་མཁས་པ་བཅུ་ཙམ་ཡང་འབྱུང་དཀའ། དེ་ལྟར་སློབ་གཉེར་བའི་གྲངས་འབོར་དང་སློབ་ཡུན་སོགས་ཡིད་ལ་བཞག་སྟེ་བསམ་གཞིག་བྱས་ན་བསམ་རྒྱུ་ཞིག་ངེས་པར་དུ་ཡོད། འོན་ཀྱང་། ཞིབ་ཏུ་ཤོད་པའི་སྤོབས་པ་དང་འོས་བབ་ནི་བདག་ལྟ་བུར་ག་ལ་ཡོད།
•དེ་ལྟར་བོད་ཀྱི་ཤེས་ཡོན་ལམ་ལུགས་ལ་བསམ་གཞིག་བྱེད་སྐབས། དགོན་སྡེའི་ཤེས་ཡོན་ལམ་ལུགས་དང་སློབ་གྲྭའི་ཤེས་ཡོན་ལམ་ལུགས་གཉིས་ཡིད་ལ་འཆར། ཉེ་བའི་དུས་སུ། སེར་མོ་བའི་ཤེས་ཡོན་ལམ་ལུགས་དང་སྐྱ་བོའི་ཤེས་ཡོན་ལམ་ལུགས་ཟེར་མཁན་འགའ་ཞིག་བྱུང་ཡང་། དེ་ནི་སྦྱང་གཞི་ཆོས་དང་འཇིག་རྟེན་པའི་ལུགས་ཙམ་ལ་བཤད་པ་མ་གཏོགས། སེར་མོ་བ་དང་སྐྱ་བོའི་སྤྱི་ཚོགས་ཀྱི་ཤེས་ཡོན་སྦྱོང་ཐབས་ལ་དབྱེ་ཞིབ་དང་བསམ་གཞིག་བྱས་པ་ཞིག་མ་རེད།
•ང་ཚོས་ཤེས་ཡོན་བཤད་པ་ན། སྦྱོང་ཐབས་ངེས་པར་དུ་བཤད་དགོས། ཤེས་ཡོན་སྦྱོང་ཐབས་འཐུས་ཚང་མ་བྱུང་ན་ཤེས་ཡོན་ལེགས་པོ་མི་འབྱུང་བ་རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས་ན། ཐོག་མར་བོད་ཀྱི་ཤེས་ཡོན་ལ་ངག་ཐོག་གི་ཤེས་ཡོན་དང་ཡིག་ཐོག་གི་ཤེས་ཡོན་གཉིས་ཡོད་པ་འདི་ཤེས་དགོས། འདི་གཉིས་ནི་ངོ་བོ་ལ་སྦྱར་བའི་ཤེས་ཡོན་མ་ཡིན་པར་སྦྱོང་ཐབས་མི་འདྲ་བ་ལས་བྱུང་བའི་ཤེས་ཡོན་ལ་ཟེར་བ་ཡིན། ངོ་བོ་ལ་སྦྱར་བའི་ཤེས་ཡོན་ནི་སྦྱང་གཞི་ལས་འབྱུང་བ་སྟེ། སྦྱང་གཞི་ཟེར་བ་ཡང་ད་ལྟའི་ལུགས་ལྟར་བཤད་ན་སློབ་དེབ་དང་སློབ་ཚན་དུ་གང་བཀོད་སྒྲིག་བྱས་པ་དེ་ལ་ཟེར་བ་རེད།
•ང་ཚོར་ངག་ཐོག་གི་ཤེས་ཡོན་དང་ཡིག་ཐོག་གི་ཤེས་ཡོན་གཉིས་ཡོད་པར་ཤོད་མཁན་ཞིག་ད་ལྟའི་བར་དུ་མ་བྱུང་བས་དེ་ལྟར་ཤོད་པ་ཅི་ཡིན་ནམ་ཟེར་ན། དགོན་སྡེ་དང་སློབ་གྲྭ་གཉིས་ཀའི་ཐེམ་པ་མ་འགྲིམས་པ་ཞིག་ཡིན་ན་དེ་ལྟ་བུ་ཡོད་པ་ཙམ་ཡང་མི་ཤེས། དེ་གཉིས་ཀར་མྱོང་གོམས་ཡོད་པ་ཞིག་ཡིན་ན། བསམ་གཞིག་བྱས་པ་ཙམ་གྱིས་ཡིད་ལ་གསལ་བར་འཆར་ཐུབ། གསལ་བར་བཤད་ན། དགོན་སྡེའི་ཤེས་ཡོན་ནི་ངག་ཐོག་གི་ཤེས་ཡོན་དང་། སློབ་གྲྭའི་ཤེས་ཡོན་ནི་ཡིག་ཐོག་གི་ཤེས་ཡོན་རེད། འདི་ཡང་སྤྱིའི་ཆ་ནས་བཤད་པ་སྟེ་གང་ཟག་བྱེ་བྲག་པ་རེ་མཚན་གཞིར་བཟུང་སྟེ་བཤད་ན་དེ་ནི་སྤྱི་བྱེའི་རྣམ་དབྱེ་མ་རྟོགས་པའི་རྟགས་ཡིན།
•འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་བལྟས་ན། ངག་ཐོག་གི་ཤེས་ཡོན་ལམ་ལུགས་ལ་འཆད་རྩོད་གཉིས་ལས་རྩོམ་པ་ལ་མཁོ་བའི་སྦྱོང་བརྡར་མེད་ལ། ཡིག་ཐོག་གི་ཤེས་ཡོན་ལམ་ལུགས་ནང་རྩོམ་པ་ལས་འཆད་རྩོད་གཉིས་ཀྱི་སྦྱོང་བརྡར་དེ་ཙམ་མེད། འཆད་རྩོད་རྩོམ་གསུམ་རྩ་ཆེར་འཛིན་པའི་མི་རིགས་ཤིག་ལ་མཚོན་ན། དགོས་པ་ནི་དེ་གསུམ་ག་ཡིན། དེ་ལྟར་ན། ད་ལྟ་ངག་ཐོག་གི་ཤེས་ཡོན་ལམ་ལུགས་ཁོ་ནས་གསོ་སྐྱོང་བྱས་པའི་ཁྲོད་དུ་རྩོམ་པའི་བྱ་བར་འཇུག་མཁན་ཕལ་ཆེར་མེད་པ་ལྟ་བུ་དང་། ཡིག་ཐོག་གི་ཤེས་ཡོན་ལམ་ལུགས་ནང་འཚར་ཞིང་ལོངས་པ་རྣམས་འཆད་རྩོད་གཉིས་ལ་བྱང་ཆ་མེད་པ་འདི་གནད་དོན་ཆེན་པོར་གྱུར་ཡོད། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཁོ་ན་དམིགས་ཡུལ་དུ་བཟུང་བའི་སྐྱ་སེར་སུ་ཡིན་ཡང་། ངག་ཐོག་གི་ཤེས་ཡོན་ལམ་ལུགས་ལས་གཞན་དགོས་དོན་མེད་ཀྱང་། དགོན་སྡེའི་སློབ་གསོ་མྱོང་མཁན་ཡིན་ནོ་ཅོག་དེ་ལྟར་ཡིན་པའི་ངེས་པ་མེད་པ་དང་། མི་རིགས་སྤྱིའི་བདེ་དོན་ལ་བསམས་ན་ཡང་དེ་ཙམ་གྱིས་འགྲིག་ཐབས་མེད་པ་ང་ཚོས་ཤེས།
•དེས་ན། ཡིག་ངག་གི་ཤེས་ཡོན་ལམ་ལུགས་གཉིས་ཞེས་པ་ཇི་ལྟ་བུ་ཞིག་ཡིན་ནམ་སྙམ་ན། དེ་ལ་གཞུང་ལུགས་ཀྱི་རྣམ་པ་གསལ་བའི་བཤད་པ་ཞིབ་མོ་ཞིག་བྱེད་དགོས་ཚོད་དུ་སྣང་ཡང་འདིར་ནི་སྐབས་སུ་མ་བབས། ཆེས་ཉུང་ངུས་བཤད་ན། ངག་ཐོག་གི་ཤེས་ཡོན་ལམ་ལུགས་ནི། ཡིག་སྲོལ་ལ་ཅི་མི་སྙམ་པར་ཡི་གེའི་བསྟན་དོན་ཙམ་ཞིག་དགེ་རྒན་གྱི་ངག་ནས་སློབ་མའི་རྣ་བར་འཇོག་པའི་ལམ་ལུགས་དེ་རེད། འདི་ནི་འཆད་ཉན་ཞེས་པ་སྟེ་འཆད་པ་ནི་ངག་གིས་དང་། ཉན་པ་ནི་རྣ་བས་ཏེ་རྩོད་ཟླ་ཕྱོགས་གཉིས་ཀྱིས་བརྒལ་བརྟག་གི་ལམ་ནས་སྦྱོང་བའང་དེར་འདུས། དེར་མ་ཟད། དཔེ་ཀློག་གི་སྐབས་སུའང་བསྟན་དོན་ཙམ་ཞིག་ཤེས་ཐབས་བྱེད་པ་ལས་ཡིག་སྲོལ་དང་འབྲེལ་ནས་བསྟན་དོན་ཆ་ཚང་བ་ཕྱིན་ཅི་མ་ལོག་པར་འཚོལ་བའི་གོམས་སྲོལ་མེད།
•ཡིག་ཐོག་གི་ཤེས་ཡོན་ལམ་ལུགས་ནི། ཡིག་སྲོལ་གཙོ་གནད་དུ་བཟུང་བའི་ཐོག་འབྲི་སྦྱོང་ཤུགས་ཆེར་བྱེད་ཅིང་། འབྲི་ཀློག་གཉིས་ཀའི་ལམ་ནས་སྦྱོང་བརྡར་བྱེད་པའི་ལམ་སྲོལ་དེ་རེད། ལམ་ལུགས་འདིའི་ནང་དུ། ཡིག་སྲོལ་ངོ་སྤྲོད་དང་འབྲི་སྦྱོང་གཉིས་ཐོག་མའི་རྨང་གཞིར་བཞག་ཡོད། ཡིག་སྲོལ་ཤེས་ཤིང་འབྲི་སྦྱོང་མཐར་ཕྱིན་པ་ཕལ་མོ་ཆེས་མི་ཚེ་ཧྲིལ་པོར་སློབ་མའི་རྣམ་པ་མ་དོར་བར་རྟག་ཏུ་འབྲི་ཀློག་བྱེད་ཅིང་ཤེས་ཡོན་སྣ་འཛོམས་ཡོང་བ་ལ་འབད་པ་བྱེད། སྐྱ་སེར་གཉིས་ཀའི་སྡེ་ལ་ཤེས་ཡོན་གྱིས་ཕན་པ་སྒྲུབ་འདོད་མཁན་ཞིག་ཡིན་ན། ངེས་པར་དུ་ཡིག་སྲོལ་ལ་མཁས་ཤིང་རྩོམ་པར་བྱང་བ་ཞིག་ཡིན་དགོས་ལ། སྤྱི་ཚོགས་ཧྲིལ་པོའི་ནང་མཁས་པའི་སྙན་གྲགས་རྒྱས་འདོད་པ་ཞིག་ཡིན་ནའང་དེ་གཉིས་ཀ་ངེས་པར་དུ་དགོས་པ་ཡིན།
•ངག་ཐོག་གི་ཤེས་ཡོན་སྦྱངས་ཏེ་འཆད་པ་དང་རྩོད་པ་ལ་ཐོགས་པ་མེད་ཀྱང་ཡིག་ཐོག་གི་ཤེས་ཡོན་སློབ་གསོ་མ་མྱངས་པ་ཞིག་ཡིན་ན་རྩོམ་པ་ལ་འཇུག་པའི་གདེངས་སྤོབས་ནམ་ཡང་རྙེད་མི་ཐུབ་པ་ང་ཚོས་ཤེས། ཚིག་དམའ་བོས་དམར་རྗེན་དུ་བཤད་ན། མི་ལོ་བཅོ་ལྔ་ཉི་ཤུའི་རིང་ཤོག་བུ་དང་ཡི་གེར་ཁ་མ་བྲལ་བའི་མི་ཞིག་ཁྲིད་ཡོང་སྟེ། འདིས་ཡིག་སྲོལ་གྱི་འགྲོས་མི་ཤེས་པས་རྩོམ་པའི་བྱ་བར་འཇུག་མི་ཐུབ་ལ། གཞན་གྱིས་བརྩམས་པའང་ཡིག་སྲོལ་དང་སྦྱར་ཏེ་འགྲེལ་མི་ཤེས་ཟེར་ན་འཛམ་གླིང་ཧྲིལ་པོ་ཡ་ལོས་མཚན་ཀྱང་། ཤོག་བུ་དང་ཡི་གེར་ཁ་མ་བྲལ་བ་ཙམ་གྱིས་ཡིག་ཐོག་གི་སློབ་གསོ་མྱངས་པའི་ངེས་པ་ག་ལ་ཡོད། དེ་ནི་བོད་མི་རིགས་འདི་ལ་བྱུང་དང་འབྱུང་བཞིན་པའི་གནད་དོན་ཆེན་པོ་ཞིག་རེད། དེའི་རྩ་བ་ཡར་དེད་ན་གཞན་ཅི་ཡང་མ་ཡིན་པར་ངག་ཐོག་གི་ཤེས་ཡོན་ལམ་ལུགས་ཁོ་ནས་གསོ་སྐྱོང་བྱས་པ་ལ་ཐུག་ཡོད།
•ཡིག་ཐོག་གི་ཤེས་ཡོན་ལམ་ལུགས་ནང་ཚིག་དོན་གཉིས་ཀར་དོ་སྣང་འདྲ་མཚུངས་སུ་བྱེད་པས་ཡིག་སྲོལ་ལ་གདེངས་འཇོག་ཆེན་པོ་ཐོབ་ཡོད་པ་སྨོས་མེད་རེད། ཡིག་སྲོལ་ལ་གདེངས་འཇོག་བྱེད་པའི་སློབ་སྡེ་ཆེ་ཆུང་ཇི་འདྲ་ཞིག་ཡིན་ཡང་། དེས་རྩོམ་པ་ལ་དགའ་བའི་སློབ་བུ་གང་མང་བསྐྱེད་བསྲིང་བྱེད་ཐུབ་པ་ཡིན། དགོན་སྡེ་ཕལ་མོ་ཆེས་ངག་ཐོག་གི་ཤེས་ཡོན་ལམ་ལུགས་ཙམ་ལས་ཡིག་ཐོག་གི་ཤེས་ཡོན་ལམ་ལུགས་ལ་མཐོང་ཆུང་དང་སྣང་མེད་བྱས་པ་ལ་བརྟེན་ནས་དེ་དག་ཏུ་ཡིག་སྲོལ་དར་ཁྱབ་མ་བྱུང་། སེར་མོ་བའི་བསྟི་གནས་ཆེན་པོ་དག་ལ་མཚོན་ནའང་། གནང་རྒྱུ་གཙོ་བོ་ནི་བློ་འཛིན་བྱེད་པ་དང་སློབ་ཁྲིད་ལ་ཉན་པ། རང་ངོས་ནས་དཔེ་ཀློག་བྱེད་པ། བརྒལ་བརྟག་གིས་སྦྱོང་བ་བཅས་བཞི་རེད། བྱེད་སྒོ་དེ་དག་གི་སྐབས་སུ་ནག་པང་དང་ས་སྨྱུག་གམ། འབྲི་དེབ་དང་སྨྱུ་གུ་སོགས་ཡིག་འབྲི་ལ་མཁོ་བའི་ཡོ་ཆས་མེད་ལ། སློབ་དཔོན་གྱིས་ཀྱང་ཡིག་སྲོལ་ལ་གཙིགས་འཛིན་མི་གནང་། དེ་ལྟར་ལོ་ནས་ལོ་འདས་ཤིང་མི་རབས་ནས་མི་རབས་སུ་བརྒྱུད་པ་ན། ད་གཟོད་དགོན་སྡེའི་སློབ་གསོའི་ནང་ཡིག་སྲོལ་ཉམས་ཏེ་རྩོམ་པ་ལ་ཆགས་ཐོགས་མེད་པར་འཇུག་ཐུབ་པའི་སློབ་བུ་བསྐྱེད་བསྲིང་བྱེད་དཀའ་བར་གྱུར།
•ཡིག་སྲོལ་གྱི་གོ་རྟོགས་དང་ཡིག་འབྲིའི་སྦྱངས་པ་མེད་པའི་སྐྱེ་བོ་རྣམས་ཡིག་རྨོངས་ལས་གྲོལ་མེད་པར་འདོད་པ་ནི་འཛམ་གླིང་སྤྱིའི་བསམ་ཕྱོགས་རེད། ཡིག་ཀློག་བྱེད་ཐུབ་ཙམ་པ་ནི་ཉིན་ཤས་ཀྱི་འབད་པས་འགྲུབ་པ་ཞིག་ཡིན་པས། ཡི་གེ་ཀློག་ཐུབ་པ་ཙམ་གྱིས་ཡིག་རྨོངས་ལས་གྲོལ་བར་འཇོག་མི་ཐུབ་སྟེ། ཡིག་རྨོངས་ལས་གྲོལ་དགོས་ན་ཡིག་སྲོལ་ངེས་པར་དུ་ཤེས་དགོས། འདི་ལྟར་བཤད་ན། གསན་མི་རུང་བ་འགའ་ཞིག་གིས་གསན་ཏེ་ཕོག་མི་རུང་བ་སྐོར་ཞིག་ལ་ཕོག་འགྲོ་བར་ཐེ་ཚོམ་མེད་ཀྱང་། མི་རིགས་སྤྱིའི་བདེ་སྡུག་ལ་བསམ་ཁུལ་གྱིས་བོད་ཀྱི་ཤེས་རིག་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ན། ཉིན་མཚན་དུས་དྲུག་ཏུ་ཁུ་སིམ་མེར་སྡོད་ཐབས་མེད།
•ཡང་གཅིག་བཤད་ན། ཡིག་སྲོལ་ལ་སྦྱངས་པ་མེད་ན་བསྟན་བཅོས་ཀྱི་དོན་ཆ་ཚང་བ་དཔྱིས་ཕྱིིན་པར་རྟོགས་མི་ཐུབ་པས། ཡིག་སྲོལ་སྣང་མེད་དུ་བསྐྱུར་བ་རྣམས་ཀྱིས་གཞུང་ཆེ་ཆུང་གང་ཞིག་ཡིན་ཡང་མགོ་མཆོད་བརྗོད་ནས་མཇུག་མཛད་བྱང་གི་བར་དུ་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་འགྲེལ་དཀའ། དེ་ལྟ་ན། ཡིག་སྲོལ་སྦྱོང་བ་དེ་ཤེས་ཡོན་ལམ་ལུགས་ནང་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད། འདི་ནི་གཅིག་རེད། གཞན་ཞིག་ནི། ཡིག་སྲོལ་མི་མཁྱེན་པ་དག་གིས་སློབ་སྡེ་ཁག་ཏུ་བཅད་ལྷུག་གང་ཞིག་ཁྲིད་ཀྱང་། ཡིག་དོན་གྱི་སྤྱི་བམ་ཙམ་ཤོད་པ་ལས། ཚིག་གི་ལྷུ་ལག་གཏོར་ཏེ་བྱ་ཚིག་མིང་ཚིག་དང་རྒྱན་ཚིག་བསྣན་ཚིག །དེ་བཞིན་ཕྲད་དང་རྣམ་དབྱེའི་བྱེད་ལས་སོགས་ལ་སྦྱར་ནས་ཚིག་དོན་གཉིས་ཀ་ཆགས་ཐོགས་མེད་པར་འགྲེལ་མི་ཐུབ་པས། གསར་སློབ་དག་གི་སློབ་གཉེར་ལ་མྱུར་ཁྱད་འདོན་མི་ཐུབ་ཅིང་། དེ་དག་ལ་སློབ་འདོད་ཀྱི་སྤྲོ་བ་ཡང་བསྐྱེད་མི་ཐུབ། གནས་སྟངས་དེ་ལྟ་བུའི་འོག་ནས་སློབ་བུ་རྣམས་ཀྱིས་བོད་ཀྱི་ཡི་གེ་འདི་ལས་སྦྱོང་དཀའ་བའི་ཡི་གེ་གཞན་ཞིག་མེད་ཚུལ་བཤད་དེ། བོད་ཀྱི་ཡིག་སྲོལ་ལ་བརྩོན་པ་ཙམ་ཡང་མི་བྱེད་པ་འདི་བྱུང་། འདི་ནི་ད་ལྟའི་བཙན་བྱོལ་དུ་འབྱུང་བཞིན་པའི་གནས་སྟངས་ངོ་མ་དེ་རེད།
•ཡིག་སྲོལ་ལ་བྱང་བ་ནི་རྟག་ཏུ་སློབ་དཔོན་གྱི་དྲུང་དུ་བཅར་མི་དགོས་པར་དུས་ཚོད་ནམ་ཡོད་ལ་རང་སྦྱོང་བྱེད་ཐུབ་པའི་མཐུན་རྐྱེན་ངོ་མ་དེ་ཡིན། ཡིག་སྲོལ་ལ་བྱང་བ་རྣམས་ལྟ་རྒྱ་ཆེ་བའི་རྒྱུ་མཚན་ཡང་དེ་རེད་ལ། ཆོས་དང་ལོ་རྒྱུས་རྣམ་ཐར་ཆོས་འབྱུང་སོགས་གང་ལ་ཞུགས་ཀྱང་དཀའ་བ་ཆེར་མེད་པའང་དེ་རེད། ཡིག་སྲོལ་ལ་མ་བྱང་བ་ཚོས་ཡིག་དོན་མི་གོ་བས། དགེ་རྒན་གྱིས་མ་ཁྲིད་པའི་གཞུང་གཞན་ལ་ལྟ་ཀློག་མི་བྱེད་ཅིང་། དེའི་དབང་གིས་ཤེས་ཡོན་རྒྱ་བསྐྱེད་མ་ཐུབ་པར་ཚད་ཅན་དུ་གྱུར་ཡོད། བོད་ཀྱི་སྐྱ་སེར་གྱི་སྡེ་གང་ཡིན་ཡང་ཡིག་ངག་གཉིས་ཀའི་ཤེས་ཡོན་ལམ་ལུགས་དར་ན། འཆད་རྩོད་རྩོམ་གསུམ་ལ་ཆགས་ཐོགས་མེད་པའི་མཁས་པ་མང་པོ་བསྐྱེད་བསྲིང་བྱེད་ཐུབ་པར་གདོན་མི་ཟ་ལ། དེའི་སྟེང་ནས་བོད་ཀྱི་སྐད་ཡིག་གཉིས་དང་ཆོས་རིག་གཉིས་སོགས་སྦྱང་བར་བྱ་བ་དང་ཤེས་པར་བྱ་བའི་གནས་རྣམས་རྒྱུན་འཛིན་བྱེད་ཐུབ་པར་ཡང་ཐེ་ཚོམ་མེད།
•ཨ་ལག་ཤ་ངག་དབང་བསྟན་དར་གྱིས། “རྒྱལ་དབང་བརྒྱད་པའི་ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། གང་དུ་བསྟན་པ་དར་བ་དེ་ན་ཡི་གེ་ཤིན་ཏུ་དག་པ་བྱུང་ཞིང་། བསྟན་པ་འཕང་དམའ་རུ་སོང་བ་ན་ཡི་གེ་ཡང་ཅལ་ཅོལ་དུ་འགྲོ་བ་ཡིན་ཞེས་གསུང་ཆོས་ཀྱི་སྐབས་ཁྲོམ་བཤད་དུ་སྩལ་གྱིན་འདུག་པ་བདག་གིས་དངོས་སུ་ཐོས་སོ།།” ཞེས་གསུངས་ཏེ་ཡིག་བཤད་མཁས་པའི་ཁ་རྒྱན་བརྩམས་ཤིང་། “མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན། །སྨན་གྱིས་དབུལ་བའི་སྨན་པ་མཁས་པ་བཞིན། །རྩོད་ལ་མཁས་ཀྱང་རྩོམ་ཚུལ་མི་ཤེས་ན། །ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན།།” ཞེས་གསུངས་ཏེ། འཆད་རྩོད་གཉིས་ལ་བྱང་ཡང་རྩོམ་པ་ལ་མི་མཁས་ན་ལྐུགས་པ་ཡིན་ཞེས་ལྐུགས་པའི་གྲས་སུ་བཞག་ཡོད། གཞན་ཡང་། “དེ་ཕྱིར་རིག་གནས་ཆུང་བ་དག །སྦྱང་རིན་མེད་ཅེས་མ་དོར་བར། །ཀུན་ལ་ཞིབ་ཏུ་སྦྱང་བྱས་ན། །ད་གཟོད་མཁས་པའི་གྲལ་འགོ་དབང་།།” ཞེས་ཀྱང་གསུངས་འདུག་སྟེ། དེ་ལྟར་ན། མཁས་གྲལ་དུ་ཚུད་པ་ལ་ངེས་པར་དུ་རྩོམ་ཚུལ་ལ་མཁས་དགོས་ཤིང་། རྩོམ་ཚུལ་ལ་མཁས་པར་བྱེད་པ་ལ་ཡིག་ཐོག་གི་ཤེས་ཡོན་ལམ་ལུགས་དེ་མེད་ཐབས་མེད་པ་ཡིན། གནད་དོན་དེ་དག་ཐུགས་ལ་བཞག་སྟེ་ཨ་ལག་ཤ་ངག་དབང་བསྟན་དར་བས། <<འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ལེགས་བཤད་སྣང་བ་>>ཞེས་བྱ་ཞིག་ཀྱང་གསར་རྩོམ་མཛད་ཡོད་དོ།། (ཚར་མེད།)
དངོས་གནས་གོ་རྒྱུ་འདུག་་་བཀའ་དྲིན་ཆེ🙏