སྦས་ཡིག་དང་དེའི་གསང་བ།
- ཤེས་རབ་དར་རྒྱས། Sherab Dharge
- Apr 21, 2022
- 1 min read
སྦྱངས་ཟིན་པ་ཚོར་སླ་ཆོས་ཡིན་ཡང་། མ་སྦྱངས་པ་ཚོར་དཀའ་གནད་ཡིན། དེ་ནི་ཆོས་ཉིད་རེད་ཅེས་བཤད་ཆོག་་་་་་
དེ་ཡང་སྔོན་གྱི་མཁས་པའི་རྣམ་དཔྱོད་དང་ཤེས་རིག་གི་འཕེལ་འགྱུར་ལས། ཕན་ཚུན་བར་གོ་བརྡ་སྤྲོད་ཚུལ་ལ། དགོས་དབང་གིས་གྲངས་ཡིག་དང་། ཚབ་ཡིག། སྦས་ཡིག། ཚེག་སྐད། ཁྱིམ་སྐད། གྲངས་སྐད་སོགས་གཏན་ལ་ཕབ་ཅིང་ལག་ཏུ་བསྟར་ཡོད། འདི་དག་ནི་ལག་ལེན་གྱི་ཁྲོད་ནས་བློ་གྲོས་ཀྱིས་རྙེད་པའི་རིག་པའི་རྩལ་རེད། དེ་དག་ལས་སྦས་ཡིག་ཅེས་པ་ཅི་རེད་ཟེར་ན། དེ་ནི་དོན་གང་ཞིག་སྦས་ཏེ་སྟོན་པ་ལ་ཟེར། དེའི་གསང་བ་ནི། སྦས་ཏེ་བསྟན་པའི་བསྟན་དོན་དེ་རེད། འདི་ལྟ་བུ་དག་དགེ་རྒན་གྱིས་སློབ་མར་འཁྲིད་པའམ་བསྟན་བཅོས་སུ་ཐོན་པར་བྱས་པ་ནི། ཤེས་བྱའི་གནས་མངོན་གྱུར་པ་ཙམ་མ་ཡིན་པར་ལྐོག་ཏུ་གྱུར་པའི་རིགས་ལ་ཡང་བློ་སྦྱོང་ཞིང་། རྣམ་དཔྱོད་ཀྱི་འཇུག་པ་ཡངས་པོར་བྱེད་པའི་ཆེད་རེད། གང་ལྟར། དབྱངས་ཅན་གྲུབ་པའི་རྡོ་རྗེའམ་དངུལ་ཆུ་བླ་མ་ཆོས་བཟང་གིས། སི་ཏུའི་ཞལ་ལུང་གི་མཛད་བྱང་དུ་སྦས་ཡིག་ཅིག་བྲིས་ཡོད་པ་ནི། "ལག་པའི་མིག་ལ་དབྱངས་འཇུག་བཞི་བཅུ་དང་།། མཚམས་ཀྱི་བགྲོད་པར་འཕུལ་རྟེན་རྩེ་ཟུང་གིས།། བརྒྱན་པའི་འབོད་བྱ་ལྡན་པ་གང་དེ་ཡིས།།" ཞེས་པ་འདི་རེད། འོ་ན། དེས་ཅི་ཞིག་ཇི་ལྟར་སྟོན་ཞེ་ན། དེས་ནི་དངུལ་ཆུ་བླ་མ་ཆོས་བཟང་གི་མཚན་ཟུར་གྱི་ཆོས་བཟང་ཞེས་པ་སྟོན་པ་ཡིན། དེ་ཇི་ལྟར་སྟོན་སྙམ་ན། ལག་པའི་མིག་ལ། ཞེས་པའི་ལག་པ་དང་མིག་ནི་རེ་རེ་ནས་གཉིས་ཀྱི་མངོན་བརྗོད་ཀྱི་མིང་ཡིན། ལག་པའི་མིག་ཅེས་པ་ནི། གཉིས་པའི་གཉིས་པ་སྟེ། དེ་ཡང་གཉིས་པ་དང་པོ་ནི་གསལ་བྱེད་ཀྱི་སྡེ་པ་གཉིས་པ་ཅ་སྡེ་དང་། གཉིས་པ་ཕྱི་མ་ནི་དེའི་གསལ་བྱེད་གཉིས་པ་ཆ་རེད། དེས་ན། མིང་གཞིའི་ཡི་གེ་ཆ་ཞེས་པ་གྲུབ། དབྱངས་འཇུག་བཞི་བཅུ་དང་།། ཞེས་པ་ནི་འདི་ལྟར། དབྱངས་བཞི་འཇུག་བཅུ་དང་།། ཞེས་བཀླགས་ཏེ། དབྱངས་བཞི་པ་ན་རོ་དང་། རྗེས་འཇུག་བཅུ་པ་ས་ལ་གོ་དགོས། དེས་ན། གོང་དུ་བཤད་པའི་མིང་གཞིའི་ཡི་གེ་ཆ་དེ་ལ། དབྱངས་་བཞི་པ་ན་རོ་དང་རྗེས་འཇུག་བཅུ་པ་ས་སྦྱར་བས་ཆོས་ཞེས་པ་གྲུབ། མཚམས་ཀྱི་བགྲོད་པར། ཞེས་པ་ནི། མཚམས་ནི་དྲུག་དང་བགྲོད་པ་ནི་གཉིས་ཀྱི་མིང་ཡིན་པས། དྲུག་པའི་གཉིས་པ་ཞེས་འགྲེལ་དགོས། དེ་ལ་དྲུག་པ་ནི་སྡེ་པ་དྲུག་པ་ཞ་སྡེ་དང་། གཉིས་པ་ནི་དེའི་གསལ་བྱེད་གཉིས་པ་ཟ་ཡིན་པས། མིང་གཞིའི་ཡི་གེ་ཟ་ཞེས་པ་གྲུབ། འཕུལ་རྟེན་རྩེ་ཟུང་གིས།། ཞེས་པ་ནི་འདི་ལྟར། འཕུལ་རྩེ་རྟེན་ཟུང་གིས།། ཞེས་བཀླགས་ལ། འཕུལ་ནི་སྔོན་འཇུག་དང་། རྩེ་ནི་གསུམ། རྟེན་ནི་མཐའ་རྟེན། ཟུང་ནི་གཉིས་ཀྱི་མིང་ཡིན། དེས་ན། སྔོན་འཇུག་གསུམ་པ་བ་དང་། རྗེས་འཇུག་གཉིས་པ་ང་ལ་གོ། དེ་ནས། བརྒྱན་པའི། ཞེས་པའི་དོན་ལས་དྲངས་ཏེ། སྔོན་འཇུག་བ་དང་རྗེས་འཇུག་ང་གཉིས་ཀྱིས་གོང་གི་མིང་གཞི་ཟ་བརྒྱན་པ་སྟེ་དེ་ལ་སྦྱར་ན། བཟང་ཞེས་པ་གྲུབ། དེས་ན། ཆོས་བཟང་ཞེས་འབྱུང་ངོ་།། དེའི་འོག་གི། འབོད་བྱ་ལྡན་པ། ཞེས་པ་ནི་མིང་ཅན་ཞེས་པའི་དོན་ཏེ། ཆོས་བཟང་ཞེས་པའི་མིང་ཅན་དེ་ཡིས་ཞེས་སོ།། སྤྱི་ལོ་ 2017 ཟླ་བ་ 9 ཚེས་ 11 ཉིན་བྲིས།
Comments