top of page
Search

ཨ་རི་བ་བླ་མ་དཀར་པོ།

  • Writer: ཤེས་རབ་དར་རྒྱས། Sherab Dharge
    ཤེས་རབ་དར་རྒྱས། Sherab Dharge
  • Jul 6, 2021
  • 2 min read

Updated: Jul 14, 2021

བརྩམས་ཆོས་ཟིན་ཐོ་ཁྱད་པར་བ་ཞིག་བཀླགས་པའི་མྱོང་སྣང་ཐོར་བུ།

ree

གཅིག །

སྤྱི་ལོ་ 2021 ཟླ་ 6 ཚེས་ 23 ཉིན་གྱི་སྔ་དྲོར་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱི་<<ཨ་རི་བ་བླ་མ་དཀར་པོ་>>ཞེས་པའི་བརྩམས་ཆོས་གསར་པ་དེ་ཉིད་བདག་གི་ལག་ཏུ་འབྱོར་བ་དང་རྡོ་ལ་རི་བོའི་རི་ངོགས་ཀྱི་ནགས་གསེབ་ཅིག་ཏུ་ཀློག་མགོ་བརྩམས། གལ་ཏེ་ལས་བྲེལ་གྱིས་ང་ལ་རང་དབང་ཅུང་ཟད་སྤྲད་ཡོད་ན། བརྩམས་ཆོས་གསར་པ་དེ་ཉིད་ཉིན་གཉིས་ཀྱི་ནང་ཡོངས་སུ་བཀླགས་ཡོད་མེད་ལ་ཐེ་ཚོམ་མེད། དེ་ནི་<<ཨ་རི་བ་བླ་མ་དཀར་པོ་>>འདི་ཧ་ཅང་ཀློག་སྤྲོ་བའི་སྟབས་ཀྱིས་རེད།

ཀློག་སྤྲོ་བའི་བརྩམས་ཆོས་དང་ལྟ་འདོད་པའི་གློག་བརྙན་སོགས་གང་ལ་ཕྲད་ཀྱང་།མཇུག་མ་རྫོགས་བར་དུ་མཚམས་འཇོག་མི་ཐུབ་པ་ནི་རང་ཅག་མང་པོའི་སེམས་གཤིས་རེད།འོན་ཀྱང་། འདས་པའི་ལོ་ངོ་འདི་འགའི་རིང་། དགོང་ཟས་ཟོས་རྗེས་ཀྱི་དུས་ཡུན་དེ་ཙམ་མ་གཏོགས་བརྩམས་ཆོས་གསར་པ་ཀློག་རྒྱུ་དང་གློག་བརྙན་ལ་ལྟ་རྒྱུ་སོགས་ཕལ་ཆེར་མ་བྱུང་བ་ལྟ་བུའི་ངང་ལས་ཀ་ཁོ་ནར་འབད་དེ་བསྡད།

བླ་མ་དཀར་པོ་ཞེས་པ་ནི་བོད་དུ་ཕེབས་པའི་ཨ་རི་བ་ཞིག་སྟེ་ཁོང་གི་མཚན་ཆ་ཚང་ལ་ Theos Casimir Hamati Bernard ཞེས་ཟེར་ཞིང་། འཁྲུངས་འདས་ནི་ 1908-1947 རེད། དེ་ལ་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་འཇོར་རྗེ་ལ་གནང་བའི་ཕྱག་བྲིས་ཕྱག་བསྟར་མའི་ནང་དུ་བྷར་ནད་ཅེས་དང་། ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་དུ་སྦར་གནད་ཅེས་བྲིས། ཧོར་ཁང་བསོད་ནམས་དཔལ་འབར་ལགས་ཀྱིས་<<དགེ་བཤེས་ཆོས་ཀྱི་གྲགས་པའི་ལོ་རྒྱུས་མདོར་བསྡུས་>>ཞེས་པར་སྦ་ནར་དང་། སྐལ་ལྡན་ལགས་ཀྱིས་<<ཚ་རོང་ཟླ་བཟང་དགྲ་འདུལ་གྱི་ལོ་རྒྱུས་རགས་ཙམ་>>ཞེས་པའི་ནང་སྦའི་ནའི་ཊ་ཞེས་བྲིས། དེ་ནི་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གིས་ཁོང་གི་བརྩམས་ཆོས་གསར་པ་<<ཨ་རི་བ་བླ་མ་དཀར་པོ་>>ཞེས་པའི་ནང་“ཐིའུ་སི་”ཞེས་བྲིས་འདུག་པ་དེ་རེད།

ree

གཉིས།

ཨ་ལགས་རྗེ་སྤྲུལ་ཚང་གིས་གསར་རྩོམ་གནང་བའི་<<ཨ་རི་བ་བླ་མ་དཀར་པོ་>>ཡི་ཚན་པ་དང་པོའི་འབེབས་ཚན་དང་པོ་རང་དུ། “དཔེ་དེབ་ཅིག་མཐོང་བ་དང་།དེའི་མིང་བྱང་ལ་བལྟས་ནས་བལ་སྒོར་ཆིག་སྟོང་བཞི་བརྒྱ་བདུན་སྤྲད་དེ་ཉོས།” ཞེས་བྲིས་འདུག་པ་མཐོང་བ་ན་གནས་ཚུལ་ཙམ་ཞིག་བཀླགས་པའི་ཚོར་བ་ལས་མ་བྱུང་ཡང་། དེའི་འབེབས་ཚན་ལྔ་པའི་ནང་དུ་སླར་ཡང་། “རྒྱུན་ལྡན་ནས་ཅོག་ཙེའི་སྟེང་དུ་དཔེ་དེབ་འདི་ཐལ་རྡུལ་གྱིས་ཟིན་པའི་དཔེ་དེབ་གཞན་དག་གི་ཁྲོད་ནས་མིག་ལམ་དུ་ཡང་ཡང་མངོན་པ་དང་། མངོན་ཐེངས་རེར་རིན་གོང་ཡང་ཐེངས་རེ་དྲན་དུ་བཅུག །དབྱིན་ཡིག་གི་དཔེ་དེབ་དག་ནི་བོད་ཡིག་གི་དཔེ་དེབ་དང་བསྡུར་ན་རིན་གོང་ཧ་ཅང་ཆེ།” ཞེས་དཔེ་དེབ་ཀྱི་རིན་གོང་སྐོར་གླེང་སློང་གནང་འདུག་པར་མ་ཟད། དེའི་འབེབས་ཚན་བདུན་པའི་ནང་དུ་སླར་ཡང་། ཉིན་རེའི་སློབ་ཁྲིད་ཚར་བའི་རྗེས་སུ་དུས་ཚོད་ནམ་བྱུང་ལ་གང་ཐུབ་ཀྱིས་བཀླགས། ཟླ་མཇུག་ཏུ་ཡོངས་སུ་བཀླགས་ཚར་བ་དང་དེབ་ལ་རིན་གོང་ཆེན་པོ་སྤྲད་པའང་སྤྲད་རིན་འདུག་སྙམ་བྱུང་།” ཞེས་བྲིས་འདུག་པ་དང་། བརྩམས་ཆོས་ཀྱི་དཀྱུས་སུ་ཡང་དཔེ་དེབ་ཅིག་ལ་ཧིན་སྒོར་ ༢༥༠༠སྤྲད་ནས་ཉོས་ཚུལ་ཞིག་བྲིས་འདུག་པས་ན། ད་ནི་བསམ་གཞིག་ཅིག་མི་བྱེད་ཀ་མེད་རེད།

ཞིབ་འཇུག་གི་ལམ་ནས་བརྩམས་ཆོས་སྤེལ་མཁན་ཞིག་ལ་མཚོན་ན། ལས་དོན་གལ་ཆེན་ཞིག་ནི་དཔྱད་གཞིའི་རྒྱུ་ཆ་འཚོལ་སྒྲུབ་བྱེད་རྒྱུ་དེ་རེད། རྒྱལ་ཁབ་གཞན་དག་གི་གནས་བབ་མི་ཤེས་ཀྱང་། ཨ་རིའི་མི་དམངས་དཔེ་མཛོད་ཁང་ལ་མཚོན་ན། རྒྱུ་ཆ་ཕལ་མོ་ཆེ་གཡོར་རྒྱུ་ཡོད་ལ། གལ་ཏེ་ཀློག་མཁན་གྱིས་འཚོལ་བཞིན་པའི་དཔེ་དེབ་གང་ཞིག་དཔེ་མཛོད་ཁང་དེར་མེད་ན། དཔེ་མཛོད་ཁང་གིས་འཛམ་གླིང་གི་ས་ཆ་གང་དུ་འཚོལ་དགོས་ཀྱང་བཙལ་ནས་མཁོ་སྤྲོད་གནང་བ་ཡིན། དེ་ལ་ཀློག་མཁན་གྱིས་སྦྲགས་གླ་ཙམ་ལས་སྤྲོད་མི་དགོས།འགྲོ་ལུགས་འདིས་ངའི་ཡིད་དབང་འཕྲོག་མྱོང་།

བཙན་བྱོལ་དུ་འུ་ཅག་ལ་དཔེ་མཛོད་ཁང་ཆེ་ཆུང་ཧ་ཅང་མང་ཡང་། དེ་དག་གིས་ཀློག་མཁན་གྱི་དགོས་མཁོ་བརྒྱ་ཆའི་ཅི་ཙམ་ཞིག་སྐོང་ཐུབ་མིན་མི་ཤེས། གང་ལྟར། བཞུགས་སྒར་རྡ་རམ་ས་ལར་བསྡད་དེ་ཉམས་ཞིབ་བྱེད་མཁན་ཞིག་ཡིན་ན། དབྱིན་ཡིག་གི་དཔེ་དེབ་མང་པོ་ཞིག་ལ་གོང་ཆེན་སྤྲད་ནས་མི་ཉོ་རང་ཉོ་ཡིན། དེ་ནི་དབྱིན་སྐད་ཀྱི་དཔེ་ཆ་འཛོམས་པའི་དཔེ་མཛོད་ཁང་ཞིག་མེད་པའི་སྟབས་ཀྱིས་རེད། ཉེ་ལམ་དབྱིན་ཡིག་གི་དཔྱད་རྩོམ་ཞིག་བཙལ་བ་དྲ་ཐོག་ནས་རྙེད་ཀྱང་། དེ་ཉིད་ཕབ་ལེན་བྱེད་ཆོག་པ་ཙམ་ལ་ཡང་ཨ་སྒོར་ ༣༤སྤྲོད་དགོས་ཟེར། དེ་ཧིན་སྒོར་ལ་བསྒྱུར་ན་ ༢༥༠༠ རེད། དབྱིན་ཡིག་གི་དཔེ་དེབ་དང་རྩོམ་ཡིག་ལ་རིན་གོང་ཆེ་བ་ཉམས་ཞིབ་རྩོམ་པ་པོ་ཚོས་སྔར་ནས་ཤེས་ཀྱང་། ཀློག་མཁན་སྤྱིར་བཏང་བ་སོགས་ཀྱིས་མི་མཁྱེན། སྤྱིར་བོད་དབྱིན་གྱི་དཔྱད་གཞིའི་རྒྱུ་ཆ་འཚོལ་སྒྲུབ་བམ་དཔེ་དེབ་ཉོ་བའི་ལབ་གླེང་དང་འབྲེལ་ཏེ་བོད་ཀྱི་དཔེ་མཛོད་ཁང་རྣམས་ཀྱི་གནས་བབ་དང་། ཉམས་ཞིབ་རྩོམ་པ་པོ་དག་གི་དཀའ་ངལ། ཡིག་བདག་རྒད་པོ་སྲེད་པ་ཅན་གྱི་ཐུགས་གཤིས་སོགས་ལ་གླེང་དགོས་པ་དང་ཤེས་དགོས་པ་མང་ཡང་། ཕལ་མོ་ཆེ་སྡུག་ཡུས་ཡིན་པས་མི་བཤད།

གསུམ།

རང་ཉིད་ཀློག་པ་པོ་ནས་རྩོམ་པ་པོ་དང་། རྩོམ་པ་པོ་ནས་སླར་ཡང་ཀློག་མཁན་དུ་གྱུར་པའི་ཉམས་མྱོང་ཁྲོད་རྩོམ་པ་པོའི་དཀའ་ངལ་དང་ཀློག་པ་པོའི་ཁེ་བཟང་གཉིས་ཡིད་ལ་འཁོར་བ་གྲངས་མེད་ཅིང་། རྩོམ་པ་པོ་ལེགས་གྲས་རྣམས་ལ་སེམས་གཏིང་ནས་ཡི་རངས་དང་དགའ་མོས་བྱས་པ་ཡང་ལན་གཅིག་གཉིས་ཙམ་མིན། དེ་ལ་ཕྲག་དོག་གམ་ཡིད་མི་སྐྱིད་པ་ལྟ་བུའི་ཚོར་བ་སྐྱེས་པ་ཕར་ཟད། དེ་དག་གི་ཁྱད་ཆོས་དང་ཤེས་ཡོན་ལ་སེམས་ཀྱི་གསེང་ནས་ཡིད་སྨོན་དང་བསྔགས་བརྗོད་ཡང་ཡང་ཞུ་མྱོང་། ངའི་ཀླད་པའི་ནང་གོ་རྟོགས་སམ་ཤེས་ཡོན་ཕྲན་བུ་ཡོད་པ་ལས་མང་ཆེ་བ་གནའ་དེང་གི་རྩོམ་པ་པོ་ཚོའི་བརྩམས་ཆོས་ལས་བྱུང་བ་ཡིན་པས། ཞིབ་ཏུ་བསམས་ཏེ་དེ་དག་རང་གི་དགེ་རྒན་ལྟ་བུ་རེད་སྙམ་པ་ཡང་འཆར་མྱོང་ཞིང་བརྗོད་ཀྱང་མྱོང་།

ཀློག་མཁན་སྤྱིའི་ངོས་ཐད་ནས་བཤད་ན། ཡུལ་སྐོར་ཟིན་ཐོ་དང་བརྩམས་ཆོས་ཟིན་ཐོ་གཉིས་ནི་དོ་སྣང་ཆེན་པོ་བྱེད་ས་གཉིས་རེད། བོད་ལ་ཡུལ་སྐོར་ཟིན་ཐོ་བྱུང་ནས་དུས་ཡུན་རིང་པོ་སོང་ཡོད་ལ། ཆེས་ཚབ་མཚོན་དུ་གྱུར་པའམ་མཚན་གཞིར་འཇོག་འོས་ཤོས་ནི་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱི་བརྩམས་ཆོས་རྨད་དུ་བྱུང་བ་<<རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་>>བྱ་བ་དེ་ཉིད་རེད།

གཏམ་རྒྱུད་གསེར་ཐང་གིས་ཀློག་མཁན་རྣམས་དགེ་ཆོས་རང་ཉིད་གང་དུ་བགྲོད་པའི་ཡུལ་ཁམས་རྣམས་སུ་ཁྲིད་པར་མ་ཟད། སྐབས་དང་མཚམས་སུ་གསེར་ལྟ་བུའི་གནས་ཚུལ་དང་གནས་ལུགས་གཞན་མང་པོ་ཞིག་ཀྱང་ཐང་མར་བརྡལ་བ་ལྟར་མིག་མདུན་དུ་བཤམས་ཡོད། གཏམ་རྒྱུད་གསེར་ཐང་གིས་གནས་ལུགས་དང་གནས་ཚུལ་མཁོ་སྤྲོད་གནང་སྟངས་དེ་ནི་ངོ་མས་ཡ་མཚན་དགོས་པ་ཞིག་རེད། གནད་དོན་ཆུང་ངུ་རེ་ལ་ཡང་བཤད་སྲོལ་རྣམས་གུང་བསྒྲིགས་ཏེ་མིག་མཐོང་རྣ་ཐོས་དང་རིགས་པ་དུ་མས་བརྡར་ཤ་ཞིབ་ཏུ་བཅད་པ་ཡོད།

གཏམ་རྒྱུད་གསེར་ཐང་ཡང་ཡང་ཀློག་མཁན་ཞིག་ཡིན་ན། དགེ་ཆོས་ཀྱི་རིག་རྩལ་དང་མཁྱེན་རྒྱ། ལྷག་བསམ་དང་སྙིང་རུས། དཀའ་སྤྱད་དང་བརྩོན་པ་སོགས་ལ་ཡི་རངས་མི་འཆོར་བ་མི་སྲིད་ལ། ཁོང་གི་བློས་གཏོང་ལྟ་བུ་ཞིག་གཞན་སུས་ཀྱང་གནང་ཐུབ་མེད། འོན་ཀྱང་། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་འཇིག་རྟེན་དཀར་ངོགས་འདི་ནས་གོམ་འགྲོས་འཁྱར་འཁྱོར་གྱིས་ཕྱི་མར་ཆས་ཟིན་པའི་རྗེས་སུ་ཁོང་ལྟ་བུའི་བསམ་བློ་བ་དང་མཁྱེན་ཡོན་ཅན་གཞན་ཞིག་མ་བྱུང་བར་ངེས་ལ། དེའི་སྟབས་ཀྱིས། བོད་གངས་ཅན་གྱི་ལྗོངས་སུ་གཏམ་རྒྱུད་གསེར་ཐང་ལྟ་བུའི་ཡུལ་སྐོར་ཟིན་ཐོ་གཉིས་པ་ཞིག་མ་བྱུང་བ་རེད།

གཏམ་རྒྱུད་གསེར་ཐང་གི་དབུ་ན། “ལར་འདི་རིགས་རྣམས་ཕལ་ཆེར་མིག་གིས་མཐོང་བ་དང་། རྣ་བས་ཐོས་པ་ཁོ་ནས་ཐག་གཅོད་དགོས་པ་ཞིག་ཡིན་པས། ཤེས་པས་མཁས་པར་འགྲོ་བ་དང་། མ་ཤེས་པས་བླུན་པོར་འགྲོ་བ་ཞིག་ནི་མ་ཡིན་ནའང་། རློམ་པས་སྨྲས་ན་རྫུན་མཁན་དུ་འགྲོ་བ་ནི་སྨྲ་མི་དགོས་ལ། དེར་མ་ཟད། སྐབས་འགར་གནད་ཆེན་པོ་རེ་གོ་བ་དང་། ནོར་བའི་སྐྱོན་དུ་སོང་བ་ཡང་མང་བས། ཇི་ལྟ་བ་བཞིན་ཤེས་པ་ཞིག་བྱུང་ན་ནི་ཅིས་ཀྱང་དོན་ཆེན་པོར་འགྱུར་ངེས། དེའི་ཕྱིར་ཕྲན་བུ་རྒྱ་བོད་ཀྱི་ཡུལ་གྲུ་དུ་མར་འཁྱམས་པའི་སྐབས་གང་མཐོང་ཞིང་ཐོས་པའི་རིག་གནས་སྐོར་གྱི་བློ་བསྐྱེད་ཅི་ཡོད་ཕྱོགས་གཅིག་ཏུ་བསྡུས་ནས། འོལ་ཚོད་ཀྱིས་ཡིན་ཐག་བཅད་པ་དང་། མང་པོ་ཞིག་ལ་མགུ་བ་བསྐྱེད་པའི་སླད་དུ་ཁུངས་མེད་ཀྱི་གཏམ་རྒྱུད་ཆེས་མཚར་མཚར་བ་དག་བྲི་བ་དང་། གཞན་གྱི་ངོ་བསྲུང་དྲགས་ཏེ་གཏམ་བདེན་པ་ཡང་སྨྲ་བའི་སྤོབས་པ་མེད་པར་རང་གི་རྩམ་ཁུག་བསྲུང་བའི་ཆེད་དུ་ཡིན་མིན་གྱི་དབྱེ་གསལ་ཐམས་ཅད་བཏང་སྙོམས་སུ་བཞག་ནས་ཇོ་བཟང་གི་མིང་ལ་རེ་བ་སོགས་དོར་ཏེ། ཤེས་རབ་ཅན་གྱི་སྐྱེས་བུ་བློ་གཟུ་བོར་གནས་པ་འགའ་ཞིག་གི་ཆེད་དུ་དཀྱུས་མའི་གླེང་མོ་བཞིན་དུ་གང་རྙེད་པ་སྐབས་སྐབས་སུ་བཅུག་སྟེ་གླེགས་བམ་ཞིག་བྱེད་པར་འདོད་དོ།།” ཞེས་གསུངས་ཡོད་ལ། དེའི་འཕྲོ་ཉིད་དུ། “གཞན་གྱི་སྒྲོས་དང་འགལ་གྱིས་དོགས་པའི་ཞུམ་པ་ཆེར་བྱས་ཚེ། ཤེས་རབ་འཕེལ་ནུས་པའི་གོ་བ་ཡང་མི་སྐྱེད་ཅིང་། འདི་ཡང་ནོར། དེ་ཡང་ནོར་སོགས་སྨྲས་ནས་དྲང་པོའི་ལུགས་སུ་བྱས་ན་ཆེ་ཆུང་མང་པོའི་ཐུགས་ལ་ཐོག་བརྫིས་སུ་འགྲོ་ཞིང་། རང་གི་འཚོ་ཐབས་སོགས་ལ་ཅི་ཙམ་གནོད་པར་འགྱུར་བ་ཁོ་བོ་བོད་ཀྱི་མི་རང་ཡུལ་རང་ལ་རྒྱུས་ཡོད་པས་ཤིན་ཏུ་ལེགས་པར་ཤེས་མོད། ཇི་མི་སྙམ་པར་བྲི་བ་ལགས་པས་སེམས་ཆུང་རྣམས་འཁོན་དུ་མི་འཛིན་པར་གསོལ་བ་ལན་བརྒྱར་འདེབས་པ་ལགས།” ཞེས་ཡུལ་སྐོར་ཟིན་ཐོ་དེ་ཉིད་འབྲི་བ་ལ་འཇུག་པའི་ཀུན་སློང་དང་། ཚུལ་ཇི་ལྟར་འབྲི་བ། ཆེད་དམིགས་ཀློག་པ་པོ་སུ་ཡིན་པ། ཀློག་མཁན་བློ་ཆུང་རྣམས་ལ་གསལ་འདེབས་གནང་བ་བཅས་ཚིག་སྙན་ཞིང་བརྗིད་ཆགས་པ་དང་གནས་ལུགས་ཀྱིས་རྒྱབ་བརྟན་པར་བྱས་ཏེ་བྲིས་ཡོད། དེའི་འཕྲོར་དགེ་ཆོས་ཀྱིས། གང་བརྗོད་པར་བྱ་བ་རྣམས་ཚུལ་ཇི་ལྟར་འབྲི་བའི་རིམ་པ་དེ་ཉིད་སླར་ཡང་སྙན་ཚིག་ཏུ་བསྡེབས་པ་ནི། “བླུན་པོ་ངོ་མཚར་བསྐྱེད་པའི་ཧར་གྱི་གཏམ། །ཆེན་པོའི་ངོ་བསྲུང་བརྩེགས་པ་གཅམ་བུའི་ཚིག །དད་པའི་འཁུན་བུ་སློང་བའི་སྒྲུང་གཏམ་དག །རིང་དུ་སྤངས་ཏེ་དྲང་པོའི་ལམ་དུ་ཞུགས།།” ཞེས་པ་འདི་རེད།

བཞི།

བོད་གངས་ཅན་གྱི་སྐད་དུ་ཡུལ་སྐོར་ཟིན་ཐོ་དར་ཤུགས་ཆེ་ཙམ་བྱུང་བ་ལྟར་བརྩམས་ཆོས་ཟིན་ཐོ་ཡང་དར་ཤུགས་ཆེན་པོ་བྱུང་ངམ་ཞེ་ན། དེ་ནི་མ་ཡིན་ཏེ། བརྩམས་ཆོས་ཟིན་ཐོ་ཞེས་བརྗོད་ན། ཐ་སྙད་འདི་ཙམ་ཡང་གསར་པ་ཡིན་པ་འུ་ཅག་གིས་ཤེས། བརྩམས་ཆོས་ཟིན་ཐོའམ། བརྩམས་ཆོས་དབྱེ་ཞིབ། བརྩམས་ཆོས་བཀླགས་བྱང་། བརྩམས་ཆོས་བཀླགས་ཟིན་སོགས་གང་དང་ཅི་ཟེར་ཡང་། དེ་འབྲི་བའི་ལམ་སྲོལ་ནི་དར་ཙམ་ཞིག་རེད། རྩོམ་རིག་གི་འཕེལ་རྒྱས་ལ་སྙེག་དགོས་ན། འགྲོ་བ་མིའི་རིགས་ཀྱི་རྣམ་དཔྱོད་དང་ལག་ལེན་ལས་ཐོན་པའི་འབྲི་རྩོམ་གྱི་རྣམ་གཞག་ཐམས་ཅད་སྣང་མེད་དུ་འཇོག་མི་ཉན།

ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གི་བརྩམས་ཆོས་ཟིན་ཐོ་འདི་ཧ་ཅང་དམིགས་བསལ་བ་ཞིག་རེད། སྤྱིར་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་བརྩམས་ཆོས་ཟིན་ཐོ་མ་བྱུང་བ་མ་རེད་དེ། འདི་ལྟ་བུ་ཞིག་ཕལ་ཆེར་མ་བྱུང་བ་འདྲ་སྟེ་བདག་གིས་ནི་མ་མཐོང་། འུ་ཅག་གིས་<<ཨ་རི་བ་བླ་མ་དཀར་པོ་>>བཀླགས་ན། དབྱིན་སྐད་དུ་བྲིས་པའི་བརྩམས་ཆོས་དུ་མ་ཀློག་པའི་ཞོར་དུ་ལོ་རྒྱུས་ཤིག་གི་མགོ་མཇུག་བར་གསུམ་ཞིབ་ཏུ་ཀློག་བཞིན་པའི་སྣང་བ་ཞིག་འགོག་མེད་དུ་སྟེར། དེ་ནི་<<ཨ་རི་བ་བླ་མ་དཀར་པོ་>>ཞེས་པའི་བརྩམས་ཆོས་ཀྱིས་འུ་ཅག་ལ་གནང་བའི་ལེགས་སྐྱེས་ངོ་མ་དེ་རེད་ལ། བརྩམས་ཆོས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ཞིག་ཀྱང་དེ་རེད་སྙམ་པ་འཆར།

བརྩམས་ཆོས་ལ་འཇམ་བྲིས་དང་རྩུབ་བྲིས། ལྷོད་བྲིས་དང་དམ་བྲིས་སོགས་འབྲི་ལུགས་སྣ་ཚོགས་ཡོད་ཅིང་། འབྲི་ལུགས་དེ་དག་གིས་ཀློག་མཁན་ལ་གོ་བདེ་མིན་དང་ཀློག་སྤྲོ་མིན་གྱི་ཚོར་བ་ཅི་རིགས་པར་བསྟེར་ལ། <<ཨ་རི་བ་བླ་མ་དཀར་པོ་>>ནི་ཧ་ཅང་ཀློག་སྤྲོ་ཞིང་གོ་བདེ་བ་ཞིག་རེད། <<རང་གི་ལོ་རྒྱུས་ལྷད་མེད་རང་བྱུང་ཟངས།>> སོགས་བཙན་བྱོལ་གྱི་བརྩམས་ཆོས་རྙིང་གྲས་དག་བཀླགས་ན། ཨ་ལགས་རྗེ་སྤྲུལ་ཚང་གིས་ཀློག་པ་པོར་བསམ་གཞིག་ཅི་ཙམ་ཞིག་གནང་ཡོད་མེད་གསལ་པོར་ཤེས་ཐུབ།

བོད་ཀྱི་སྲོལ་རྒྱུན་ལས་བྱུང་བའི་ཁ་དཔེ་ཞིག་ཏུ། “ཡིག་ཕྱེད་གོ་བས་ཀློག་”ཟེར་བ་ཞིག་ཡོད། དེས་མཐོ་སྒང་གི་མི་རིགས་ཤིག་གི་སེམས་ཁམས་ཀྱང་མཚོན་ཡོད་སྙམ། དེ་ལྟ་ནའང་།ད་ལྟ་ནི་ཡིག་ཕྱེད་གོ་བས་ཀློག་པའི་དུས་སྐབས་དེ་ཡོལ་ཟིན་པས། ཤན་ཁ་བའི་བརྩམས་ཆོས་སུ། “བཀའ་ལན་ད་ལྟ་ད་ལྟ་དགོས་ལུགས་རླུང་འཕྲིན་ནང་༸ས་ངའི་གསུང་ངོ་ཤེས་པ་ལྗགས་དབུགས་ཀྱང་ཧད་དེ་(ཧལ་ཏེ་)གསུང་གི་ཡོད་པ་དང་།” ཞེས་བྲིས་པ་ལྟ་བུའི་ཚིག་སྦྱོར་སྤེལ་མི་ཉན་ལ། ལྷག་པར་དུ་“ས་ང་”ཞེས་པ་ལྟ་བུ་ནི་གཏན་ནས་འབྲི་མི་རུང་། གལ་ཏེ་ཤན་ཁ་བ་འགྱུར་མེད་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས། “ས་ང་”ཟེར་བའི་ཚབ་ཏུ་ས་དབང་ང་ཕོད་ཅེས་བྲིས་ཡོད་ན། ཀློག་མཁན་ལ་དཀའ་ངལ་ཅི་ཡང་མི་འབྱུང་བས། རྩོམ་པ་པོ་ཡག་པོ་ཞིག་བྱེད་འདོད་ན། འདི་ལྟ་བུ་ལ་གཟབ་ནན་གནང་རྒྱུ་གལ་ཆེ།

བཙན་བྱོལ་གྱི་བརྩམས་ཆོས་སྤྱིའི་ངོས་ནས་བཤད་ན། ཆེད་ལས་རྩོམ་སྒྲིག་པའི་ལག་ཏུ་བརྒྱུད་མྱོང་བའི་བརྩམས་ཆོས་ཤིག་མེད་པ་འདི་གནད་འགག་གི་གནད་འགག་ཏུ་གྱུར་ཡོད། བཙན་བྱོལ་གྱི་རྩོམ་རིག་ལ་ཆེད་ལས་མཐོ་སྙེག་གི་འཕེལ་རྒྱས་མ་བྱུང་བ་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བོད་ཡིག་གི་ཆེད་ལས་རྩོམ་སྒྲིག་པ་མ་བྱུང་བ་ལ་ཐུག་ཡོད། ཆེད་ལས་རྩོམ་སྒྲིག་པ་མེད་ན། ཆེད་ལས་རྩོམ་པ་པོ་དང་བརྩམས་ཆོས་ཀྱི་གྲངས་ཀ་འཕེལ་བ་ཙམ་གྱིས་མི་ཕན། ཆེད་ལས་རྩོམ་སྒྲིག་པ་ཞིག་ཡིན་ན། ཤེས་མྱོང་འཇོན་གསུམ་སྨོས་མེད་ཐོག་རྩོམ་པ་པོ་དང་ཀློག་པ་པོ་གཉིས་ཀའི་སེམས་ཁོང་དུ་འཛུལ་ཐུབ་པ་ཞིག་དང་། དེ་གཉིས་ཀྱི་སེམས་ཁོང་ནས་བརྩམས་ཆོས་ལ་ལས་སྣོན་བྱེད་ཐུབ་པ་ཞིག་ཡིན་དགོས་པའི་ཁར། བརྩམས་ཆོས་དང་ཀློག་པ་པོའི་བར་གྱི་འབྲེལ་ཟམ་ཚད་ལྡན་ཞིག་ཀྱང་བྱེད་ཐུབ་དགོས་པ་ཡིན། གནས་ལུགས་འདི་ཙམ་པོ་བའི་སྟེང་ནས་བལྟས་ཀྱང་། རྩོམ་སྒྲིག་པའི་དགོས་མཁོ་ངོ་མ་དེ་འུ་ཅག་གིས་མཐོང་ཐུབ་པ་ཡིན།

ree

<<ཨ་རི་བ་བླ་མ་དཀར་པོ་>>འབྲི་བའི་ཀུན་སློང་ལ། ཨ་ལགས་རྗེ་སྤྲུལ་ཚང་གིས། དཔེ་དེབ་འདི་བཀླགས་པའི་ཁྲོད་བོད་པའི་སྤྱི་ཚོགས་ནང་ངེས་པར་ཤེས་དགོས་པའི་དངོས་ཡོད་ལོ་རྒྱུས་གང་མང་ཡོད་པའི་ཚོར་སྣང་བྱུང་། བོད་ཀྱི་ཆབ་སྲིད་ཀྱི་ལོ་རྒྱུས་ཁྲོད་གལ་ཆེར་བརྩི་རུང་བའི་གནས་དོན་གང་མང་དང་། དེ་སྔོན་དགེ་འདུན་ཆོས་འཕེལ་ཨ་རིར་འགྲོ་རྩིས་བྱས་སྐོར་ཙམ་ལས། དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཞིབ་ཕྲ་གོ་ཐོས་མེད་ཀྱང་དཔེ་དེབ་འདིའི་ནང་དེའི་སྐོར་ཧ་ཅང་གསལ་པོ་དང་། ཁོང་ཨ་རིར་འགྲོ་རྒྱུའི་རྨི་ལམ་ལན་གཅིག་བཏང་བའང་དཔེ་དེབ་འདིའི་མི་སྣ་གཙོ་བོ་དང་ཧ་ཅང་འབྲེལ་བ་ཆེན་པོ་འདུག །ཡང་། བོད་མི་ཚོས་གོ་ཐོས་མེད་པའི་གཏམ་གསར་པ་གང་མང་ཞིག་ཡོད་འདུག་པས། བཀླགས་ཚར་རྗེས་སྔར་ནས་བཀླགས་ཐོ་ཞིག་བྲིས་ཡོད་ན་དབྱིན་ཡིག་མི་ཤེས་མཁན་དང་། དཔེ་དེབ་འདི་ཉིད་ལྟ་ཀློག་གི་ཆ་རྐྱེན་མེད་མཁན་ཚོར་བློ་སྐྱེད་དང་། ཉིན་རེའི་འཚོ་བའི་ཁྲོད་ངལ་དུབ་ཀྱིས་གདུང་བའི་ཀློག་པ་པོ་དག་གི་ལུགས་སེམས་གཉིས་ཀར་ངལ་གསོ་བའི་གཏམ་དུ་རེ་ནས།” ཞེས་བྲིས་འདུག་ཅིང་། ཆེད་དམིགས་ཀློག་པ་པོ་ཡང་གཏན་འཁེལ་གནང་འདུག །

ཆོས་ཀྱི་གཞུང་གི་བརྡ་ཆད་ལ། བསྟན་བཅོས་ཀྱི་“གདུལ་བྱ་”དང་དེའི་“ཆེད་དུ་བྱ་བའི་གདུལ་བྱ་”ཞེས་གདུལ་བྱ་སྤྱིར་བཏང་བ་དང་གདུལ་བྱ་དམིགས་བསལ་བ་གཉིས་སོ་སོར་གསུངས་པ་ལྟར། དེང་རབས་ཀྱི་བརྩམས་ཆོས་རྣམས་ལ་ཡང་“ཀློག་པ་པོ་”དང་“ཆེད་དམིགས་ཀློག་པ་པོ་”ཞེས་གཉིས་སུ་དབྱེ་དགོས། ཀློག་པ་པོ་ནི་བརྩམས་ཆོས་ཀློག་མཁན་སུ་ཡང་རུང་བར་གོ་ལ། ཆེད་དམིགས་ཀློག་པ་པོ་ནི་དེ་ལྟ་མིན། གསལ་པོར་བཤད་ན། གང་ལ་ཆེད་དུ་དམིགས་ཏེ་བརྩམས་ཆོས་སྤེལ་བའི་ཀློག་མཁན་དག་ནི་ཆེད་དམིགས་ཀློག་པ་པོ་ཡིན་ཞིང་། བརྩམས་ཆོས་རྩོམ་པ་ལ་འཇུག་པའི་ཐོག་མར་ཆེད་དམིགས་ཀློག་པ་པོ་ངེས་པར་དུ་གཏན་འཁེལ་དགོས་པ་ཡིན། ཆེད་དམིགས་ཀློག་པ་པོ་སུ་ཡིན་གཏན་ཁེལ་བ་ལ་བརྟེན་ནས་བརྩམས་ཆོས་ཀྱི་སྒྲོམ་གཞི་སློང་སྟངས་དང་། གླེང་བྱ་གླེང་ཚུལ། གཙོ་གནད་འདོན་ལུགས་སོགས་ཏེ། ཐ་ན། ཚིག་སྦྱོར་སྤེལ་ཚུལ་དང་ཐ་སྙད་འདེམས་ལུགས་ཚུན་ཆད་ནས་ཐག་གཅོད་དགོས་པ་ཡིན་པས། གཅིག་ལ་གོ་སླ་བ་གཞན་ལ་གོ་དཀའ་བ་དང་། གཅིག་ལ་ཀློག་སྤྲོ་བ་གཞན་ལ་དེ་ལས་ལྡོག་པ་སོགས་འབྱུང་བ་ཡིན།

ལྔ་།

ཨ་རི་བ་སྐུ་ཞབས་བྷར་ནད་ལགས་བོད་དུ་ཕེབས་པའི་ལོ་རྒྱུས་སུ་བོད་ཀྱི་སྤྱི་ཚོགས་དང་། ཆོས་ལུགས། ཚོང་ལས། ཡུལ་སྲོལ། ཆབ་སྲིད་སོགས་ཀྱི་གཏམ་མང་ཙམ་ཐོས་རྒྱུ་ཡོད་པས་ན། ཉེ་རབས་བོད་ཀྱི་ལོ་རྒྱུས་ལ་ཁ་སྐོང་གནང་འདོད་པ་ཚོས་<<ཨ་རི་བ་བླ་མ་དཀར་པོ་>>ཞེས་པ་ལྟ་བུའི་བརྩམས་ཆོས་རྣམས་ཀློག་དགོས་པ་སྨོས་མེད་ཡིན། འུ་ཅག་གིས་སྔར་མ་ཤེས་པའི་གནས་ཚུལ་མང་པོ་ཞིག་འདིའི་ནང་དུ་གསལ་བར་བཀོད་འདུག་པས་ན། མིའི་རིགས་ཀྱི་སྤྱི་ཚོགས་དང་འདས་པའི་ལོ་རྒྱུས་ལ་ཐུགས་སྣང་མེད་པར་ཐོས་པ་ཙམ་ཞིག་གསོག་འདོད་པ་དང་མཚར་མཚར་པོ་ལ་དགའ་མོས་གནང་བ་ཚོས་ཀྱང་བརྩམས་ཆོས་འདི་ངེས་པར་དུ་ཀློག་གལ་ཆེ།

རང་རང་གི་སེམས་ཁམས་རྒྱ་བསྐྱེད་དང་ཤེས་ཡོན་གོང་དུ་སྤེལ་བ་ལ་མཐོང་ཐོས་མྱོང་གསུམ་བརྒྱུད་དགོས་པ་ཀུན་ཤེས་ལྟར། བརྩམས་ཆོས་འདི་ལྟ་བུ་དག་བཀླགས་ན། མཐོང་ཐོས་གཉིས་ཀ་དུས་གཅིག་ལ་མྱོང་བཞིན་པའི་སྣང་བ་ཞིག་འགོག་མེད་དུ་བསྟེར་ལ། དེ་དང་ཆབས་ཅིག་བསམ་གཞིག་གི་ཀློང་དུ་ཡང་ཡང་ཁྲིད་ནས་སྔར་གྱི་སྤྱི་ཚོགས་དང་སྐབས་དེའི་ཆོས་སྲིད་ཀྱི་གནད་དོན་མང་པོ་ཞིག་ཀྱང་སེམས་ལ་རང་བཞིན་གྱིས་འཁོར་ཡོང་།

<<ཨ་རི་བ་བླ་མ་དཀར་པོ་>>ཀློག་པའི་ཚེ་བདག་གི་དྲན་རྟོག་མང་པོ་ཞིག་རང་བཞིན་གྱིས་བསླངས་སོང་། གང་ལྟར་ཡང་། བོད་གཞུང་དང་ཨ་རིའི་འབྲེལ་བ་ལ་ཞིབ་འཇུག་གནང་འདོད་པ་ཚོས་རྒྱ་ནག་པེ་ཅིན་དུ་ཨ་རིའི་གཞུང་ཚབ་ཆེན་མོ་གནང་མྱོང་བ་སྐུ་ཞབས་རོ་ཁི་ཧིལ་(William Woodville Rockhill, 1854-1914)ནས་མགོ་བརྩམས་ཏེ་བྷར་ནད་སོགས་ཀྱི་ལོ་རྒྱུས་ཤེས་དགོས་ངེས་རེད། སྤྱི་ལོ་ 1901 ཟླ་ 10 ཚེས་ 9 ཉིན་བྲིས་ཤིང་རྒྱལ་མཆོག་བཅུ་གསུམ་པར་ཕུལ་བའི་རོ་ཁི་ཧིལ་གྱི་ཕྱག་བྲིས་ནང་། “སྔོན་རྒྱ་གར་ནས་བོད་དུ་ལོ་ཙཱ་བ་མཁས་གྲུབ་རྣམས་ཀྱིས་བསྒྱུར་བར་མཛད་པའི་བཀའ་དང་བསྟན་བཅོས་དེར་མ་ཚུད་པའི་ཐོར་བུ་དེང་སང་ལྷ་ལྡན་དང་སེ་འབྲས་དགའ་གསུམ་བཀྲས་ལྷུན་རྭ་སྒྲེང་པུ་རང་གི་མཐོ་ལྡིང་གསེར་གྱི་ལྷ་ཁང་བསམ་ཡས་ས་སྐྱ་སོགས་སུ་ཡོད་པའི་དཀར་ཆག་ཅིག་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོས་ཅི་ནས་སྩོལ་གནང་ཡོད་པ་ཞུ།” ཞེས་བྲིས་ཡོད་ལ། རྒྱལ་མཆོག་བཅུ་གསུམ་པས་ཤིང་སྦྲུལ་ཟླ་ ༦ ཚེས་ ༢༢ སྤྱི་ལོ་ 1905 ཟླ་ 8 ཚེས་22 ཉིན་པེ་ཅིན་དུ་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་རོ་ཁི་ཧིལ་ལ་བྲིས་པའི་ཕྱག་བྲིས་ནང་། “བོད་ལྗོངས་ཁྲིམས་འགོ་རང་འཛིན་གྱིས་བསྟན་འགྲོ་ཆབ་སྲིད་རྣམས་དབྱིན་ཇིའི་མི་སྣའི་ངན་དབང་དུ་མི་འགྲོ་བའི་ཕན་འདོགས་གཙོ་འདོན་དགོས་རྒྱུ།” ཞེས་གསུངས།

ree

གོང་གསལ་ཕྱག་བྲིས་གཉིས་ཀྱི་བརྗོད་དོན་གཙོ་བོར་བལྟས་ན། གཅིག་གིས་ཆོས་འཚོལ་བ་དང་གཞན་དེས་སྲིད་དོན་གསུངས་པ་ཤེས། འུ་ཅག་གིས་སྲིད་དོན་གྱི་ཐད་ཁོ་ན་ནས་བལྟས་ཀྱང་། ལམ་དབུ་མ་དང་རང་བཙན་གཉིས་ལས་གང་ཞིག་བསམས་ནས་བཤད་པའམ། གང་ལ་མོས་ཤིང་བརྩད་ན་ཡང་། དེ་དག་གང་ནས་འོངས་ཤིང་གང་ཞིག་བརྒྱུད་པའི་ལོ་རྒྱུས་དེ་དག་ངེས་པར་དུ་ཤེས་དགོས་པས་ན། <<ཨ་རི་བ་བླ་མ་དཀར་པོ་>>རུ་གསལ་བའི་སྲིད་ཕྱོགས་ཀྱི་གནད་དོན་དེ་དག་གཞི་རྩར་བཟུང་སྟེ་ཞིབ་འཇུག་རྒྱས་པ་རེ་བྱེད་དགོས་པ་ཡང་གལ་ཆེར་མཐོང་།

དྲུག །

<<ཨ་རི་བ་བླ་མ་དཀར་པོ་>>ཡིས་རྩལ་འདོན་གྱིས་བྲིས་པའི་གནད་དོན་གཙོ་བོ་ཞིག་ནི། སྐུ་ཞབས་བྷར་ནད་ལགས་ཀྱིས་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེར་མཇལ་འཕྲད་ཞུས་པའི་སྐོར་དེ་རེད། སྤྱིར་བཤད་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “[པཎྜི་ཏ་ར་ཧུ་ལ་]ཁོང་ལ་དངུལ་ཀྱང་མང་པོ་འདུག་ཅིང་། བོད་སྐད་ཀྱང་ཕལ་ཆེར་བྱིས་པ་ལོ་བདུན་པའི་ཚོད་ཙམ་མཁྱེན། ལྷ་སའི་སྐུ་དྲག་འགའ་རེས་མགོ་འདྲེན་ཀྱང་བཟང་བར་བརྟེན། དགོན་སྡེ་དེ་རིགས་ཀྱི་ནང་རྟེན་རྣམས་ཞིབ་ཏུ་མཇལ་རྒྱུ་བྱུང་།” ཞེས་བྲིས་པ་ལྟར། བོད་མིའི་གཤིས་ཀ་ཞིག་ལ། རང་མི་ལ་འགངས་ཆེན་པོ་མི་བྱེད་པར་ཕྱི་མི་སྤྱི་དང་ལྷག་པར་དུ་ཤ་མདོག་དཀར་སེར་གྱི་རིགས་རྣམས་རྩ་ཆེན་དུ་རྩི་བ་ཞིག་སྔ་མོ་ནས་ཡོད་པ་འདྲ། འོན་ཀྱང་། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང་ས་སྐྱ་གོང་མ་རིན་པོ་ཆེ། དགའ་ལྡན་ཁྲི་པ་སོགས་ཀྱིས་སྐུ་ཞབས་བྷར་ནད་ལ་མཇལ་འཕྲད་གནང་བ་ནི་དེ་ལྟ་མ་རེད། དེ་དག་གི་ཐུགས་རེ་གཙོ་བོ་ནི་བྷར་ནད་ཀྱིས་ཞུས་པ་ལྟར་ཨ་རིར་ནང་པའི་བསྟན་པ་སྤེལ་རྒྱུ་དེ་རེད། དེའི་ཚུལ་ཞིབ་ཏུ་<<ཨ་རི་བ་བླ་མ་དཀར་པོ་>>ཡིས་བྲིས་ཡོད།

ree

ཨ་ལགས་རྗེ་སྤྲུལ་ཚང་གིས། “རྒྱལ་ཚབ་རིན་པོ་ཆེ་ནས་ཆེད་མངགས་སྐུ་ཞབས་ཐིའུ་སིར་གཞུང་གི་ལས་བྱེད་མཐོ་གྲས་ཀྱི་ཞབས་ལྷམ་རྒྱ་གསེར་ལས་བཟོས་པའི་བོད་ལྷམ་ཞིག་བཙེམས་བཅུག་ནས་གསོལ་རས་སུ་གནང་བ་དང་། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ཆེ་ས་ནས་བཀའ་བསྟན་གྱིས་མཚོན་དཔེ་ཆ་རྣམས་མཁོ་སྒྲུབ་ལ་ཐུགས་སྣང་དང་། ཆུང་ས་སྲུང་འཁོར་ལྟ་བུ་ལའང་ཐུགས་ཁུར་གནང་བ་སོགས་ལ་བལྟས་ན། ཁོང་རིན་པོ་ཆེས་མ་འོངས་པར་ཨ་རིར་རྒྱལ་བསྟན་དར་སྤེལ་ཡོང་བར་ཐུགས་རེ་ཧ་ཅང་ཆེན་པོ་གནང་ཡོད་པ་མཐོང་ཐུབ།” ཅེས་བྲིས་འདུག་ཅིང་། ཁྱད་པར་དུ། <<ཨ་རི་བ་བླ་མ་དཀར་པོ་>>ཡི་མཇུག་ཏུ་བཀོད་པ་ལྟར།སྐབས་དེར་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་མེ་གླང་ཟླ་ ༨ ཚེས་ ༡༠ སྤྱི་ལོ་ 1937 ཟླ་ 9 ཚེས་ 15 ཉིན། “ཨི་མི་རི་ཀའི་སྤྱི་ཁྱབ་རོ་ཟེ་ཝེལ་ཌེ་ཆེན་པོ་ ཧེ་ཌེ་ ཧའུ་སི་ བྱ་ཤིང་ཀྲན་ ཌེ་ སི་ཡུ་ ཨམ་སི་ཨེ་མཆོག་ལ། དེ་གའི་རྒྱལ་ཁབ་ཀྱི་མི་རིགས་ ཐིའུ་སི་ སྦར་ནེ་ཌི་འདི་པ་ནང་པའི་ཆོས་ལ་དད་ཞེན་ཆེ་བ། ཤེས་རྒྱུད་ཞི་ཞིང་དུལ་བ། ཁྱད་པར་བོད་ལྗོངས་དང་། ཨི་མི་རི་ཀའི་བར་ལ་མཐུན་ལམ་གྱི་ལྷག་བསམ་མི་དམན་པ་ཡོད་འདུག་ན། ཁྱོད་རང་ཚང་མས་རྒྱལ་བའི་བསྟན་པ་ཕྱོགས་བཅུར་དར་རྒྱས་འབྱུང་ཆེད་ཡིད་འཇོག་རོགས་ཕན་གང་ཟབ་དགོས་རྒྱུར། བཞི་སྡེ་དགའ་ལྡན་བསམ་གཏན་གླིང་གི་གཟིམ་ཆུང་ཀུན་བཟང་བདེ་ལྡན་དགའ་ཚལ་ནས། ཕྱག་ན་པདྨོའི་རྒྱལ་ཚབ་སྲིད་སྐྱོང་རྭ་སྒྲེང་ཧོ་ཐོག་ཐུ་ནས། མེ་གླང་བོད་ཟླ་ ཚེས་ ༡༠ བཟང་པོ་ལ།” ཞེས་ཨ་རིའི་སྲིད་འཛིན་ལ་ཕྱག་བྲིས་སྩལ་འདུག་པར་བལྟས་ན། ཆོས་སྲིད་གཉིས་ཐད་ནས་དགོངས་པ་ཟབ་མོ་བཞེས་འདུག་པ་ཧ་ཅང་གསལ། (“ཨི་མི་རི་ཀའི་སྤྱི་ཁྱབ་རོ་ཟེ་ཝེལ་ཌེ་ཆེན་པོ་ ཧེ་ཌེ་ཧའུ་སི་ ཝ་ཤིང་ཀྲན་ ཌེ་ སི་ཡུ་ ཨི་སི་ཨེ་མཆོག་ལ།” ཞེས་པ་ནི་དབྱིན་ཡིག་ནང་། “To His Excellency the great Mr. Roosevelt, President of America, White House, Washington, D.C.V.,E.C.I.,” ཞེས་བྲིས་འདུག་པ་འདི་རེད།)

ree

ད་དུང་<<ཨ་རི་བ་བླ་མ་དཀར་པོ་>>རུ། “རྒྱལ་ཚབ་རིན་པོ་ཆེས་བཞེས་བཞིན་པའི་སྐུ་འགག་དེ་ཕུད་ནས་དྲོལ་མ་ཡལ་བར་ཁོང་ལ་བྱིན་རྟེན་ནམ་དྲན་རྟེན་གྱི་ཚུལ་དུ་གནང་འདུག།” ཅེས་དང་། “ད་དུང་ཡང་། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ཁོང་ལ་ཚུར་ལྷ་སར་གང་མགྱོགས་ཤོག །ཅེས་ནན་ཏན་གྱི་སྒོ་ནས་བཀའ་ཡང་གནང་འདུག་པས་སྐུ་ཞབས་ཐིའུ་སིར་བོད་དུ་གང་མགྱོགས་ཤོག །ཅེས་གསུངས་པ་འདིས་ཅི་ཞིག་ལུང་བསྟན་གནང་མིན་དང་། དེའི་དགོས་པ་རྒྱུ་མཚན་མཐར་ཐུག་མ་ཤེས་ཀྱང་། མ་འོངས་པར་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང་སྟག་བྲག་རིན་པོ་ཆེའི་དབར་གྱི་ཆབ་སྲིད་ཀྱི་རྙོག་འཛིང་སོགས་ལ་དམིགས་ཡོད་ཀྱང་སྲིད་སྙམ།” ཞེས་བྲིས་ཡོད།

<<ཨ་རི་བ་བླ་མ་དཀར་པོ་>>ཡིས། སྐུ་ཞབས་བྷར་ནད་ཀྱིས་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེར་མཇལ་ཁ་ཐེངས་གསུམ་ཞུས་པའི་མཐའ་མར་རྒྱལ་ཚབ་མཆོག་ནས། “ཨ་རིར་རྒྱལ་བསྟན་གཙང་མ་ཞིག་དར་སྤེལ་སླད་ཁོ་བོ་ཡོང་དགོས་ཀྱང་ཡོང་ཆོག་ཅེས་ཡང་བསྐྱར་ནན་བཤད་ཀྱིས་ཧ་ཅང་ཐུགས་བརྩེ་དང་། ཐིའུ་སིས་ཨ་རིར་རྒྱལ་བསྟན་དར་སྤེལ་གཏང་བར་ཐུགས་ཁུར་ཆེ་བཞེས་གནང་འདུག །” ཅེས་བྲིས་པ་འདིས་གནས་ཚུལ་ཞིག་དྲན་དུ་བཅུག །དེ་ནི་རྭ་སྟག་དོན་རྐྱེན་གྱི་ཚ་རླབས་དགུང་དུ་འཕྱོ་བཞིན་པའི་སྐབས་དེར། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་ཨ་རིར་ཕེབས་རྩིས་གནང་བ་རེད་ཟེར་བ་དང་། ཡང་། རྒྱལ་ཚབ་རིན་པོ་ཆེ་རྒྱ་གར་དུ་ཕེབས་རྩིས་གནང་བ་ལ་དབྱིན་ཇི་བ་རེ་ཆར་ཌི་སོན་གྱིས་བར་ཆད་བྱས་པའི་གསང་གནས་བོད་གཞུང་ཕྱི་རྒྱལ་ལས་ཁུངས་ཀྱི་དོ་དམ་ཛ་སག་ཟུར་ཁང་ཟུར་པ་དབང་ཆེན་ཚེ་བརྟན་དང་ཛ་སག་སྣེའུ་ཤར་ཐུབ་བསྟན་ཐར་པ་གཉིས་ཀྱིས་གསུངས་པའི་ལོ་རྒྱུས་ཤིག་བོད་དུ་དཔར་བའི་ཡིག་ཆའི་ནང་གསལ་བར་བྲིས་ཡོད་པ་དེ་རེད།

གང་ལྟར་ཡང་། <<ཨ་རི་བ་བླ་མ་དཀར་པོ་>>ཡི་དཀྱུས་དང་མཇུག་གཉིས་ཀར།སྐུ་ཞབས་བྷར་ནད་དང་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་གཉིས་ལན་དུ་མར་མཇལ་བའི་སྐོར་དང་། ཨ་རིའི་ཁུལ་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་འཕེལ་ཡོང་བ་ལ་ཐུགས་རེ་རྒྱ་ཆེར་གནང་བ། རྒྱལ་ཚབ་ཉིད་ནས་ཨ་རིའི་སྲིད་འཛིན་ལ་སྩལ་བའི་བཀའ་ཡིག་གི་སྐོར་སོགས་ཧ་ཅང་དོ་ནན་ཆེན་པོས་བྲིས་འདུག་ཅིང་། ཀློག་པ་པོ་ཚོས་ཞིབ་ཏུ་བཀླགས་ན།གནད་འགག་ཤིན་ཏུ་ཆེ་ཨང་སྙམ་པ་ཞིག་ངེས་པར་དུ་འཆར་བར་སྣང་།

བདུན།

སྐུ་ཞབས་བྷར་ནད་ལགས་བོད་དུ་ཕེབས་པ་དང་ཚ་རོང་ལ་ཐུག་པའི་གནས་ཚུལ་བོད་པ་རང་གིས་ཡིག་འགོད་གནང་བ་དེ་དག་ཀྱང་བརྩམས་ཆོས་ཟིན་ཐོ་གསར་པ་<<ཨ་རི་བ་བླ་མ་དཀར་པོ་>>ཡི་ཟུར་རྒྱན་དུ་འགོད་ཐུབ་ཡོད་ན། དེ་བས་ཀྱང་འཐུས་སྒོ་ཚང་བ་ཞིག་འབྱུང་བར་ཐེ་ཚོམ་མེད་སྙམ་པ་ཡིད་ལ་འཆར་ཡང་། ཨ་ལགས་རྗེ་སྤྲུལ་ལགས་ཀྱིས་དེ་ལྟར་གནང་མི་འདུག །དེ་ནི། བོད་ཡིག་ཏུ་གནས་ཚུལ་དེ་དག་ཡོད་པ་མ་མཁྱེན་པ་མིན་པ་ངས་ཤེས། (བོད་ཡིག་ཏུ་ཡོད་པའི་ཤོག་ངོས་ཤོག་གྲངས་དང་བཅས་པ་ཁོང་ལ་ཕུལ་བ་ཞིག་ངས་དྲན།)

<<ཨ་རི་བ་བླ་མ་དཀར་པོ་>>ཡི་བརྗོད་བྱ་གཙོ་བོ་ཞིག་ནི་ཚ་རོང་གིས་བྷར་ནད་ལ་རོགས་རམ་གནང་བའི་གནས་ཚུལ་དེ་རེད། འོ་ན། ཚ་རོང་གིས་བྷར་ནད་ལ་རོགས་རམ་གནང་བ་ཡིན་ནམ། ཡང་ན། ཚོང་བརྒྱབས་པ་ཡིན་ནམ། གནད་དོན་འདི་ཤེས་ན་ལེགས་ཀྱང་། མ་ཤེས་ཀྱང་སྐྱོན་མེད། གང་ལྟར་ཡང་། ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱིས་དཔལ་འབྱོར་མཁོ་སྒྲུབ་དང་། དེའི་དོན་དུ་ཨི་ཊ་ལིའི་མཁས་པ་ཏུ་ཅི་(Giuseppe Tucci)སོགས་ལྷ་སར་འབྱོར་བའི་ཕྱི་རྒྱལ་བ་གཅིག་ཀྱང་འཆོར་དུ་མ་བཅུག་པ་སོགས་ལ་བལྟས་ན། ཁོང་ལྟ་བུ་ཞིག་བོད་ཀྱི་ལོ་རྒྱུས་ནང་མ་བྱུང་བ་གསལ་པོ་རེད་ལ། ལྷ་སའི་ཁུལ་གྱི་བོད་རིགས་རྣམས་ལྟོ་བ་འགྲང་བའི་བཟའ་བཏུང་གི་དཀའ་ངལ་ལས་ཐར་མེད་པའི་དུས་སུ་ཡང་ཚ་རོང་བཟའ་མི་རྣམས་འཛམ་གླིང་གི་ཕྱུག་བདག་ཆེ་གྲས་ལྟར་བོད་མཐོ་སྒང་དུ་འཚོ་ཐུབ་པ་དེ་ཡང་ཚ་རོང་རང་ཉིད་ཀྱི་བསོད་ནམས་དང་འཇོན་ཐང་རེད་སྙམ།

བོད་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས་ལྔ་པ།ཤོག་ངོས་ ༢༦༧ ན། སྐལ་ལྡན་ལགས་ཀྱིས། “ཟླ་བཟང་དགྲ་འདུལ་ཚ་རོང་གི་གོ་མག་(མག་པ་)ཏུ་འབྱོར་སྐབས་སྒེར་ཚ་རོང་པ་སྤྲོད་བུན་ཁྱོན་ཆེའི་འོབས་སུ་ལྷུང་ཡོད་པར་བརྟེན་ཟླ་བཟང་དགྲ་འདུལ་གྱིས་བུ་ལོན་ཟེར་བ་དེ་གཏད་རེད། གཏད་སྒོ་ནས་མ་བཏོན་ན་མི་ཚང་གི་སྐྱིད་སྡུག་འཚོ་ཐུབ་ཀྱི་མ་རེད་ཟེར་ནས་ཏཱ་ལའི་བླ་མའི་མཛོད་སྦུག་ནས་སྐྱེད་ཡང་བུ་ལོན་གཡར་པོ་ཞུས་པའི་དངུལ་ཊམ་དཀར་ལྔ་བརྒྱ་སྐོར་བླུགས་པའི་དངུལ་ཁུག་རྣམ་ཐིག་མ་སེར་པོ་བརྒྱ་སྐོར་ཞིག་བོད་དམག་གིས་དབོར་ནས་ཚ་རོང་དུ་འབྱོར་ཏེ་བུན་རྙིང་ཚང་མ་གཙང་སེལ་འཇལ་འཕྲོས་དངུལ་འབབ་རྣམས་ཚོང་རྩར་བསྐུར་ཏེ་རྒྱ་གར་དུ་ཚོང་པ་ཁ་ཤས་བཏང་བ་རེད།” ཅེས་སོགས་ཕྱུག་བདག་ཏུ་འགྱུར་བའི་ཐོག་མའི་གོམ་སྟབས་དེ་བྲིས་ཡོད།

ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ནི། བློ་རིག་རྒོད་ཅིང་འཇོན་ཐང་ཆེ་བའི་ཁར།དབང་ཆ་དང་གོ་གནས་སོགས་གང་ནས་བལྟས་ཀྱང་། ཚོང་ལས་ལ་ལམ་འགྲོ་རྒྱུག་དགོས་ངེས་ཤིག་ཡིན་པ་སྨོས་མེད་རེད། དེའི་སྟབས་ཀྱིས། བར་སྐབས་ཤིག་བོད་ཁམས་ཀྱི་ཁྱིམ་ཚང་ཕྱུག་ཤོས་ལྟ་བུར་གྱུར། ཡང་གོང་བརྗོད་དཔེ་དེབ་དེའི་ཤོག་ངོས་ ༢༨༡ ན། སྐལ་ལྡན་ལགས་ཀྱིས། “༡༩༣༤ ལོ་ཙམ་ལ་ཨ་མེ་རི་ཀའི་མི་སྦའི་ནའི་ཊ་ཟེར་བ་རྒྱ་གར་བརྒྱུད་བོད་ལྗོངས་གྲོ་མོ་ཤར་སིང་མའི་ཀོ་ཀྲི་ཟེར་བའི་བར་སྐེད་པར་ལྟོ་སྣོད་ཕོར་པ་གུ་གུ་ཤ་ལེབ་ལེབ་གཅིག་བཏགས་པ་དང་། གྱོན་ཆས་རྩབ་རལ་སྤྲང་པོའི་བཟོ་ལྟ་བྱས་ཏེ་རྐང་ཐང་མར་ཡོང་ཞིང་། ཁོ་པ་གྲོ་མོའི་ས་མཚམས་སུ་སླེབས་སྐབས་དེ་སྔ་ཟ་མྱོང་མེད་པའི་རྩམ་པ་ཟོས་སྟབས་གྲོད་པ་བཤལ་ཏེ་གྲོ་མོའི་སྦྲགས་སྦང་ལ་རུ་ཉིན་གཉིས་སྡོད་དགོས་བྱུང་འདུག །” ཅེས་སོགས་སྐུ་ཞབས་བྷར་ནད་ལགས་བོད་ལ་ཕེབས་ཚུལ་དང་ཚ་རོང་ལ་ཕྲད་ཚུལ། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེར་འབུལ་བ་ཅི་ཕུལ་སོགས་རེ་རེ་བཞིན་གསལ་བར་བྲིས་འདུག་ལ། “ཚ་རོང་གི་མིང་ཐོག་ནས་བོད་ཀྱི་ལོ་རྒྱུས་དཔེ་ཆ་དང་། རྒྱལ་བའི་བཀའ་འགྱུར། བསྟན་འགྱུར། གསོ་རིག་སྐོར་གྱི་དཔེ་ཆ་མང་པོ་གཞིས་རྩེ་སྣར་ཐང་དགོན་པར་པར་རྒྱག་བྱེད་པར་མི་ཆེད་མངགས་བཏང་སོང་། དེ་བཞིན་བོད་མི་རིགས་ཕོ་མོའི་རྒྱན་ཆ་སྣ་ཚོགས་དང་། བོད་ཀྱི་ཡུལ་ཟོག་ཐོན་རྫས་བཅས་ཁྱོན་བསྡོམས་དོ་པོ་སུམ་བརྒྱ་སྐོར་སྡོག་ཆས་རྒྱག་སྐབས་ཆ་སྐྱོན་མི་ཡོང་བའི་སྔོན་འགོག་ཆེད་དོ་པོ་སོ་སོའི་ནང་གཏུམ་རས་དཀར་པོ་དང་། བར་གཏུམ་ཏིར་པར། ཕྱི་གཏུམ་རྩ་རས། དེའི་ཕྱིར་གཡག་ཀོ་དམར་པོའི་གཏུམ་གྱི་འཚེམས་སུལ་ཁག་ལ་གཡག་གི་ཁྲག་བྱུགས་པ་སོགས་གྲ་སྒྲིག་ཧ་ཅང་ཞིབ་ཚགས་བྱས་ཏེ་དོ་པོ་རྣམས་ལྷ་ས་ནས་རྒྱ་གར་གྱི་ཀ་སྦུག་བར་ཚ་རོང་དྲེལ་པ་དང་། དེ་མིན་ཚོང་པ་ཁག་གི་རྟ་དྲེལ་བརྡལ་གླ་གླས་ཏེ་དབོར་འདྲེན་བྱས་པ་དང་། ཀ་སྦུག་ནས་ཀ་ལི་ཀ་ཏ་བརྒྱུད་ཨ་རིར་དབོན་འདྲེན་བྱས། ་་་ སྦའི་ནའི་ཊ་དང་ཚ་རོང་དབར་རྩིས་ཕྲ་དེབ་གསུམ་ཡོད་པ་དེ་ནས་གཅིག་ཚ་རོང་གིས་ཉར་ཡོད་པ་དང་། གཅིག་སྦའི་ནའི་ཊས་ཉར་ཡོད་པ། གཅིག་ཚ་རོང་གི་བཟའ་ཟླ་པད་མ་སྒྲོལ་དཀར་གྱིས་ཉར་གྱི་ཡོད། སྦའི་ནའི་ཊས་ཚ་རོང་ནས་དངོས་ཟོག་ལེན་རིམ་བཞིན་གོང་གསལ་མི་གསུམ་ཀས་མིང་རྟགས་འགོད་དགོས་ཀྱི་ཡོད་པ་རེད།” ཅེས་ཀྱང་བྲིས་ཡོད།

སྤྱི་ལོ་ 1938 ལོར་སྐུ་ཞབས་བྷར་ནད་ལགས་ཀྱིས་ཨ་རི་ནས་ཚ་རོང་ལ་དངོས་ཟོག་རྩ་ཆེན་དོ་པོ་མང་པོ་བཏང་བའི་ཏར་འཕྲིན་ཞིག་འབྱོར་བ་དང་ལྷན་དུ་ཚ་རོང་གིས། “རྒྱ་གར་གྱི་སྐད་ཤེས་མཁན་མོ་ཊ་སྦ་ཕུ་ཟེར་བ་དང་”སྐལ་ལྡན་གཉིས་རྒྱ་གར་ཀ་སྦུག་ཏུ་བཏང་།ཁོང་གཉིས་རྒྱ་གར་དུ་བསླེབས་ཏེ་གཟིགས་སྐབས། “གོས་ཆེན་པད་མ་རྒྱ་བྱ་དང་། སྟག་ཤུན།རི་པིན་རྒྱ་སེ། ཁ་ཏི་སྔོན་སེར་དམར་གསུམ། གྲུའུ་ཙི་ཚོས་གཞི་སྣ་ཚོགས་དང་། ད་དུང་དོ་པོ་ཁ་ཤས་ཀྱི་དཀྱིལ་དུ་ཨ་རིའི་ཤིང་སྒམ་སྒོ་ལྕགས་གཉིས་རེ་རྒྱག་ས་ཡོད་པ་ཆུང་གྲས་ཡང་ཁ་ཤས་འདུག་པ་དེ་ཚོའི་ནང་གྲུའུ་ཙིས་བར་ཚང་བརྒྱབ་སྟེ་ཐ་གསེར་གྱི་ལག་གདུབ་དང་། ཕ་ལམ་སོགས་རྡོ་ཁྲ་སྣ་ཚོགས། མཛུབ་རྒྱུས། དེ་བཞིན་བུད་མེད་ཀྱི་རྒྱན་ཆའི་རྒྱུ་མུ་ཏིག་གི་ཆག་པ་དང་། ཨ་རིའི་ཐེར་མ་དང་འགོ་སྣམ་བཅས་ཀྱང་གང་འཚམ་ཡོད་པར་མ་ཟད། བྷར་ནད་ཀྱིས་ཚ་རོང་ལ་“ཨ་རིའི་མེ་མདའ་སྦི་སི་ཏོབ་གཅིག་ལ་གསེར་སྦྱང་ལྟིར་ཚགས་ཀྱི་དབྱིན་ཡིག་བརྒྱབ་པ་ཁ་གསར་ཤིང་ཤུབ་རང་འགྲིག་ཅིག་”ཀྱང་ལེགས་སྐྱེས་སུ་བསྐུར་ཡོད།

ཅ་དངོས་དེ་དག་ཚ་རོང་གི་ཕྱག་ཏུ་འབྱོར་བ་ན། “གོས་ཆེན་མང་ཆེ་བ་ལྷ་སའི་དགོན་སྡེ་ཁག་དང་། རྭ་སྒྲེང་བླ་བྲང་། སྐུ་དྲག་འབྱོར་ཕྱུག་ཁག་ལ་སྤུས་ཚོང་བྱས་པ་དང་། དེ་མིན་གྱི་དངོས་ཟོག་ཐེར་མ་འགོ་སྣམ་སོགས་ཕལ་ཆེར་སྦ་ཐང་དང་། ཟི་ལིང་ཁུལ་འཚོང་རྒྱུར་བཏང་སོང་།” ཞེས་སྐལ་ལྡན་ལགས་ཀྱིས་བྲིས།

བྷར་ནད་དང་ཚ་རོང་གི་སྐོར་གླེང་སློང་གནང་མཁན་སྐལ་ལྡན་ལགས་གཅིག་པུ་མ་རེད།བོད་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས་ལྔ་པ། ཤོག་ངོས་ ༢༡༢ ན། ཧོར་ཁང་བསོད་ནམས་དཔལ་འབར་གྱིས་ཀྱང་། “མེ་བྱི་སྤྱི་ལོ་ ༡༩༣༦ ཙམ་ལ་ཨ་རིའི་མི་སྦ་ནར་ཟེར་བ་ཞིག་ལྷ་སར་འབྱོར་ཞིང་། ཁོ་པའི་སྐད་སྒྱུར་དུ་སྦ་བུ་མཐར་ཕྱིན་ཁྲིད་ཡོད་པ་དང་སྡོད་ཡུལ་ཚ་རོང་དུ་བསྡད་ནས་ཁོ་པས་བོད་དབུས་དང་། ཁམས་སྡེ་དགེ་སོགས་ས་གནས་གང་ས་ནས་བཀའ་བསྟན་སོགས་དཔེ་ཆ་མང་ཆེ་བ་འཚོལ་བསྡུ་དང་། དཔར་འདེབས་ཀྱིས་ཨ་རིར་འཁྱེར་རྒྱུའི་གྲ་སྒྲིག་བྱེད་སྐབས།” ཞེས་སོགས་བྲིས། འདི་ལྟ་བུ་བོད་ཡིག་ཏུ་བྲིས་པ་གཞན་ཡང་མང་དུ་སྲིད་ཀྱང་། ཞིབ་ཏུ་འཚོལ་བའི་དུས་ཚོད་བདག་ལ་མ་བྱུང་།

བརྒྱད།

སྐུ་ཞབས་བྷར་ནད་ཀྱིས་ཨ་རིར་བཀའ་བསྟན་དབྱིན་བསྒྱུར་སོགས་ཀྱི་ལས་གཞི་ཧ་ཅང་ཆེན་པོ་ཞིག་བློས་བསླངས་གནང་སྟེ། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་གདན་འདྲེན་ཞུས་ཀྱང་ཐོངས་མཆན་མ་སྤྲད་པའི་དབང་གིས་ཕེབས་མ་ཐུབ་པ་དེ་<<ཨ་རི་བ་བླ་མ་དཀར་པོ་>>ཡི་གླེང་བྱ་ཆེ་གྲས་ཤིག་རེད། དེ་ལ། དགེ་སློང་ཇི་ཎོ་རཱ་སཱི་ཡིས་[བྷར་ནད་ལ་]བསྐུར་བའི་འཕྲིན་གཞན་ཞིག་”ཏུ། “དགེ་འདུན་ཆོས་འཕེལ་ནི་ཕྲན་གྱི་མི་ཚེའི་ནང་ཐུག་པའི་བོད་ཀྱི་མཁས་དབང་རྣམས་ཀྱི་གྲས་ནས་ཤེས་རབ་ཁྱད་དུ་འཕགས་པའི་སྐྱེས་བུ་ཁྱད་པར་བ་ཞིག་ཡིན། གལ་ཏེ་ཁྱེད་རང་དངོས་གནས་ཐེག་ཆེན་གྱི་གཞུང་ལ་ཞིབ་འཇུག་བྱེད་འདོད་དང་། རྒྱ་ཆེ་བའི་ལས་གཞི་སྒྲུབ་འདོད་ཡོད་ན། ཁོང་ངེས་པར་དུ་མ་ཤོར་བ་བྱོས། གལ་ཏེ་ཁྱོད་ཀྱིས་ཁོང་[ཨ་རིར་]གདན་འདྲེན་ཞུ་བར་འཐུས་ཤོར་སོང་ན། ཡང་བསྐྱར་ཁོང་ལྟ་བུ་ཧ་ཅང་རྙེད་དཀའ།” ཞེས་གསལ་འདུག་པའི་གནས་ཚུལ་ཞིག་བྲིས་ཡོད། འདི་ལྟ་བུ་དག་ཀློག་པའི་ཚེ།དགེ་ཆོས་ཀྱི་སྣང་བརྙན་གསོན་པོ་ཞིག་སླར་ཡང་སེམས་ངོས་ནས་བཞེངས་ཡོང་བ་ལྟ་བུའི་ཚོར་བ་བྱུང་ལ། དགེ་ཆོས་ཀྱི་སྐུ་ཚེའི་ལོ་རྒྱུས་སུ་གསབ་དགོས་པའི་གནས་ཚུལ་གཞན་ཡང་མང་ཙམ་སྣང་།

དགེ་ཆོས་ལགས་ལ་ཕྱིའི་མཐུན་རྐྱེན་དང་ནང་གི་མཁྱེན་ཡོན་གཉིས་ཀ་འཛོམས་ཀྱང་བར་ཆད་ཅིག་གི་དབང་གིས་ཨ་རིར་ཕེབས་པའི་སྐལ་བ་དེ་གཏན་ནས་མ་བྱུང་། དེ་ནི་ཨ་རི་བ་བླ་མ་དཀར་པོ་དང་བོད་ཀྱི་མཁས་དབང་སྡི་ཚ་སྐམ་པོ་གཉིས་ཀྱི་གྱོང་གུན་ཞིག་ཡིན་ནམ།ཡང་ན། མི་རིགས་གཉིས་སམ་ཤར་ནུབ་གཉིས་ཀྱི་གྱོང་གུན་ཡིན་ནམ། གལ་ཏེ་དགེ་ཆོས་ལགས་ཨ་རིར་ཕེབས་ཐུབ་ཡོད་ན། བཀའ་བསྟན་དབྱིན་བསྒྱུར་གྱི་ལས་གཞི་ཁོ་ནར་མ་ཟད།མགོ་ནག་སྤྱིའི་བདེ་དོན་ལ་ཡང་ཁྱད་པར་ཆེན་པོ་ཞིག་འབྱིན་ཐུབ་པ་ནི་སྨོས་མེད་ཡིན།

<<ཨ་རི་བ་བླ་མ་དཀར་པོ་>>རུ། “ཕྱི་ལོ་ ༡༩༣༩ ལོར་ཨེ་ཤ་ཡའི་དུས་དེབ་(Asia Magazine)ནང་། ཐིའུ་སིས་དབྱིན་ཇིས་བོད་ཡར་རྒྱས་འགྲོ་རྒྱུར་བཀག་འགོག་བྱེད་བཞིན་ཡོད་སྐོར་བྲིས་པའི་ལོ་རྒྱུས་སོགས་དང་། ལྷའི་གཞལ་ཡས་ཁང་། ཞེས་པའི་དཔེ་དེབ་ཏུའང་། དབྱིན་ཇིས་བོད་དེ་ཉིད་མུན་ནག་དང་ཁེར་རྐྱང་དུ་འཇོག་འདོད་ཡོད་སྐོར་གྱི་”གནས་ཚུལ་ཞིག་བྲིས་འདུག་ལ། དེས་བདག་གི་སེམས་པ་<<ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་>>ཆེན་མོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་གི་ཕྱོགས་སུ་དྲངས། ལྷ་སྲས་མཆོག་ནས། “རེ་ཆར་ཌི་སོན་ཀལ་ཀ་ཏར་གུང་གསེང་དུ་ཕེབས་པའི་སྐབས་ཤིག་ཐུག་འཕྲད་བྱུང་བར་ཁོང་གིས། བོད་དང་བོད་གཞུང་གཉིས་ལ་བསྟོད་བསྔགས་ཁོ་ན་གནང་སྟེ། རྒྱལ་ཁབ་གཞན་གང་ལ་ཡང་འབུར་དུ་ཐོན་ཞིང་ཁྱད་དུ་འཕགས་པའི་བོད་ཀྱི་ལམ་ལུགས་འདི་ལྟ་བུ་ཞིག་མེད་པས་འགྱུར་བ་གཏོང་དགོས་པ་གང་ཡང་མེད་ཅེས་གསུངས། ང་ནན་ཅིན་དུ་འགྲོ་ཁར་རྒྱ་གར་དུ་འབྱོར་མ་ཐག་ནས་བསྒྱུར་བཅོས་ཆེན་པོ་ཞིག་མ་བྱས་ན་བོད་རང་ཉིད་སྐྱོབ་ཐབས་མེད་པའི་ཡིད་ཆེས་རྙེད་ཅིང་། དེ་ནས་ནང་ཁུལ་སྲིད་དོན་གྱི་རྙོག་ཟིང་གིས་བོད་འཐོར་ཞིག་ཏུ་གཏོང་བཞིན་པའང་ཅུང་ཟད་ཤེས་པས། རེ་ཆར་ཌི་སོན་གྱི་ལྟ་ཚུལ་དེས་ང་འཇིགས་སྐྲག་གི་ནང་དུ་གཡུགས་ཤིང་། ངས་ཁོང་མྱོང་རྒྱུས་དང་གོ་རྟོགས་མེད་པའི་བོད་ཀྱི་དཔོན་རིགས་རྣམས་ལ་བློ་སྒྱུར་ངན་སྐུལ་བྱེད་མཁན་གྱི་དབྱིན་ཇིའི་གསང་ལས་པ་ཞིག་ཏུ་མཐོང་།” ཞེས་བྲིས་ཡོད།

སྤྱིར་རྒྱ་གར་ཚ་ལུང་གི་དབྱིན་གཞུང་དཔོན་རིགས་དང་མཐོ་སྒང་བསིལ་ལྗོངས་ཀྱི་སྐུ་དྲག་གི་ཚ་གྲང་གཉིས་སྙོམས་པ་ཞིག་ཨེ་ཡོང་སྙམ་ཡང་། བར་སྐབས་ཤིག་གཅིག་ཏུ་སྙོམ་པར་གྱུར་ཏེ་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ལྷ་སའི་བཙོན་དུ་ཚུད་ཅིང་ཐུགས་རིག་རྣལ་དུ་མི་གནས་པའི་ངང་ནས་ཕྱི་མར་ཕེབས་སོང་བ་ཡོངས་གྲགས་ཡིན། དགེ་ཆོས་ལགས་རྐང་བཙུགས་ནས་ལག་ཉེས་སུ་བཏང་བའི་གནས་ཚུལ་དེ་དང་<<ཨ་རི་བ་བླ་མ་དཀར་པོ་>>ཡིས་བྲིས་པའི་གནས་ཚུལ་གཞན་འགའ་ཞིག་གུང་བསྒྲིགས་ནས་བསམས་ན།དགེ་ཆོས་ལགས་ལ་ཐོངས་མཆན་མ་སྤྲད་པ་དེ་རྒྱལ་ཁབ་དུ་མ་ཞིག་གི་གནད་དོན་ལ་ཐུག་ཡོད་པའི་སྣང་བ་བྱུང་ཡང་། ཨ་རིའི་རྒྱལ་ཁབ་རང་དུ་བཀག་འགོག་གི་རྣམ་པ་དེ་ཙམ་མ་ཐོན་པར་ཀལ་ཀ་ཏའི་ཨ་རིའི་གཞུང་ཚབ་ཀྱིས་ཐོངས་མཆན་མ་སྤྲད་པའི་གནད་དོན་དེའི་རྩ་བ་བསྔོག་ཁོམ་མ་བྱུང་།

ད་དུང་<<ཨ་རི་བ་བླ་མ་དཀར་པོ་>>ཡིས། “དབྱིན་གཞུང་གིས་[བྷར་ནད་]ཁོང་ལ་བོད་དུ་འགྲོ་ཆོག་པའི་ལམ་ཡིག་མི་སྤྲོད་རྒྱུའི་གཞུང་འབྲེལ་གྱི་བརྡ་ལན་འབྱོར་འདུག །” ཅེས་བྲིས་འདུག་ལ། བརྡ་ལན་དེ་འབྱོར་ནས་གཟའ་འཁོར་གཅིག་གི་ནང་རྭ་སྟག་གི་དོན་རྐྱེན་བྱུང་ཚུལ་ཡང་བྲིས་འདུག་པ་ལྟར་ན་དེ་ནི་སྤྱི་ལོ་ 1947 ལོ་ཡིན་དགོས་པས། དུས་སྐབས་དེ་ཙམ་གྱི་བར་དུ་རྒྱ་གར་དབྱིན་གཞུང་གིས་བོད་ལ་སྟངས་འཛིན་དེ་ལྟ་བུ་ཞིག་བྱེད་བཞིན་པ་ནི་ཡ་མཚན་དགོས་པ་ཞིག་རེད། འདི་ལྟར་ཉེ་རབས་ཀྱི་ལོ་རྒྱུས་འགའ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཐོན་པ་ན། <<ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་>>ཆེན་མོས་བསྐོལ་བའི་བོད་ཐུག་དེ་ཇེ་ཞིམ་དུ་མི་འགྲོ་ཀ་མེད་ཡིན་ཡང་། ཆགས་སྡང་རགས་པའི་ཁོལ་པོར་གྱུར་ཅིང་ཤེས་རིག་གིས་རྒྱུད་མ་དུལ་བ་ཚོར་གནས་ལུགས་མཐོང་བའི་སྐལ་བ་ནི་མེད།

མཁས་དབང་དགེ་ཆོས་དང་འབྲེལ་བའི་མཐའ་དོན་ལ་<<ཨ་རི་བ་བླ་མ་དཀར་པོ་>>ཡིས། “དགེ་བཤེས་[དགེ་འདུན་ཆོས་འཕེལ་]ལགས་ད་ཆ་ལྷ་སར་ཁྲིམས་མུན་དུ་ཚུད་དེ།ཚེ་བཙོན་དང་མནར་གཅོད་ཀྱང་ཡང་ཡང་གཏོང་བཞིན་ཡོད་འདུག །གོ་ཐོས་ལ་ཆབ་སྲིད་དང་འབྲེལ་བ་ཡོད་པར་མ་ཟད་རཱ་ཧུལ་དང་མཉམ་སྦྲེལ་བྱས་པའི་རྐྱེན་གྱིས་ཡིན་རབས་བཤད་བཞིན་འདུག །དངོས་གནས་གནས་ཚུལ་དེ་དག་ཚང་མ་ལས་ཀྱིས་བྱས་པ་རེད། གལ་ཏེ་ང་ཚོའི་འཆར་གཞི་ལྟར་དགེ་བཤེས་ལགས་ཨ་རིར་གདན་འདྲེན་ཞུ་ཐུབ་ཡོད་ན། ཁོང་ད་ལྟའི་གནས་སྟངས་སུ་ལྷུང་མི་སྲིད་ལ། ཕྲན་ཡང་ད་ལྟའི་གནས་སྟངས་སུ་གྱར་མི་སྲིད། ཅེས་ཧ་ཅང་སྐྱོ་ཉམས་ཅན་གྱི་འཕྲིན་ཡིག་འདི་བཏང་འདུག །” ཅེས་བྲིས་འདུག་ལ། ཡིན་རྒྱུ་ཡང་དེ་འདྲ་ཞིག་ཡིན་པར་སྣང་།

མདོར་ན། <<ཨ་རི་བ་བླ་མ་དཀར་པོ་>>ཡིས། དཔེ་མང་ཀློག་པར་མི་སྒྱིད་པའི་ཀློག་པ་པོ་ལེ་ལོ་ཅན་རྣམས་དང་། བོད་ཡིག་ཁོ་ན་མ་གཏོགས་དབྱིན་ཡིག་ལྟ་བུ་ནུབ་ཕྱོགས་ཀྱི་ཡི་གེ་ཀློག་མི་ཐུབ་པ་དག་ལ་འཇིག་རྟེན་ཧྲིལ་པོས་ཤེས་པའི་གནས་ཚུལ་གང་མང་ཞིག་མཁོ་སྤྲོད་གནང་ཡོད་པར་བསམས་ན། འུ་ཅག་གིས་རྩོམ་པ་པོར་ལེགས་སོའི་དབུགས་དབྱུང་དང་དྲིན་གཟོའི་ལེགས་སྐྱེས་ཆེན་པོ་ཞིག་འབུལ་མི་ཐུབ་ཀྱང་། དཔེ་དེབ་དེ་ཉིད་ཆ་ཚང་རེ་ནི་ཀློག་དགོས་ངེས་རེད་སྙམ།

དགུ།

བརྩམས་ཆོས་གསར་པ་<<ཨ་རི་བ་བླ་མ་དཀར་པོ་>>འདི་ཉིད་ལག་ཏུ་འབྱོར་བ་ནས་རི་ཁར་ངལ་གསོར་བསྐྱོད་པའི་སྐབས་དང་། ནད་འགོག་གི་སླད་དུ་ཁང་པའི་ཕྱི་ཁྱམས་སུ་ལུས་པོ་ཉི་མར་ལྡེ་བའི་སྐབས། དགོང་མོ་གློག་བརྙན་ལ་མགོ་མ་འཁོར་བའི་སྔོན་གྱི་དུས་སྐབས་བཅས་སུ་བཀླགས་ཏེ་ཚར་བར་བྱས་ལ། ཚོར་བ་ཡང་སྣ་ཚོགས་ཤིག་བྱུང་།

ཨ་ལགས་རྗེ་སྤྲུལ་ཚང་གིས་འདི་ལྟ་བུ་མུ་མཐུད་ནས་གསར་རྩོམ་གནང་སྟེ། རྩོམ་ལུས་འདི་ཁྱབ་གདལ་དུ་གཏོང་བ་དང་། ཀློག་མཁན་གྱི་ཀླད་པ་ཇེ་ཕྱུག་ཏུ་གཏོང་བ། བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་ལེགས་སྐྱེས་གསར་པ་འབུལ་བ། ཉེ་རབས་བོད་ཀྱི་ལོ་རྒྱུས་ལ་ཁ་སྐོང་གནང་བ། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང་དགེ་འདུན་ཆོས་འཕེལ་ལྟ་བུ་དོན་མེད་དུ་ནག་ཉེས་ཕོག་པའི་བླ་ཆེན་མཁས་ཆེན་དག་གི་དགོངས་གཞི་དང་མཛད་རྗེས་གསལ་དུ་གཏོང་བ་སོགས་གནང་བའི་རེ་བ་ཧ་ཅང་ཆེ་ཁར། <<ཨ་རི་བ་བླ་མ་དཀར་པོ་>>ཡི་ནང་དུ་སྲིད་དོན་གྱི་གནད་འགག་འགའ་ཞིག་གསལ་བར་བྲིས་འདུག་པ་ལྟར། དེ་ལྟ་བུ་གཞན་ཡང་འབུར་དོད་དུ་འབྲི་ཐུབ་པའི་རེ་བའང་ཤིན་ཏུ་ཆེ།

ཤེས་རབ་དར་རྒྱས་པས་བཞུགས་སྒར་རྡ་ས་ནས།

སྤྱི་ལོ་ 2021 ཟླ་ 7 ཚེས་ 6 ཉིན་རྒྱལ་བའི་འཁྲུངས་སྐར་གྱི་དུས་བཟང་ལ་སྤེལ།

ree

 
 
 

Recent Posts

See All
འགྲམ་ལྕག་དེ་ངོ་མས་ཚ་སོང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་ལ་མྱ་ངན་ཞུ། ན་ནིང་ད་ལོ་ཞིག་ལ། ངས་གཞི་ནས་བསམ་ཤེས་སོང་བ་ཡིན་ནམ། ཡང་ན། ཁ་གཡེང་མིག་གཡེང་བྱེད་རྒྱུ་མང་ད...

 
 
 

Σχόλια


Post: Blog2_Post

Follow

  • Facebook
  • Twitter
  • LinkedIn

©2020 by ཤེས་རབ་དར་རྒྱས།. Proudly created with Wix.com

bottom of page