ཨ་ལགས་བསེ་ཚང་།
- ཤེས་རབ་དར་རྒྱས། Sherab Dharge
- Sep 2, 2021
- 1 min read

དེ་རིང་ནི་རྒྱུ་རྐྱེན་གཉིས་ཀྱི་སྟེང་ནས་སེམས་ཁམས་མི་ལྷོད་པའི་ཉིན་མོ་ཞིག་ཡིན་པས། སྔ་དྲོ་ནས་གློག་ཀླད་ལ་ལག་པ་མ་འཆང་བར་རྗེ་རིན་པོ་ཆེའི་གསུང་དབུ་མ་དགོངས་པ་རབ་གསལ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་དབུ་མ་ཆེན་མོ་གཉིས་བསྡུར་ཏེ་དབུ་མ་འཇུག་པའི་ཚིག་དོན་འགའ་ལ་དབྱེ་ཞིབ་ཅུང་ཟད་བྱས། ཆོས་ནི་སྨན་ཡིན། ཆོས་གཞུང་ལས་ལྷག་པའི་སེམས་ཁམས་གསོ་བྱེད་ཅིག་བཙལ་དུ་མེད།
ཕྱི་དྲོ་གོམ་བགྲོད་དུ་སོང་ཡང་སེམས་ཀྱི་སྦུག་ཏུ་ད་དུང་ཡང་ནག་གོང་ཆེན་པོ་ཞིག་ལྷག་བསྡད་པའི་ཚོར་སྣང་བྱུང་། འགྲོ་རོགས་ཀྱིས་གློ་བུར་དུ་“ཨ་ལགས་བསེ་ཚང་དགོངས་པ་རྫོགས་འདུག་ག །ཁོང་བོད་གངས་ཅན་ལྗོངས་ལ་བཀའ་དྲིན་ཆེན་པོ་རེད་ཨང་།” ཞེས་གསུངས། ངས་ཀྱང་གནས་ཚུལ་ངན་པ་དེ་གོ་ཡོད་པའི་བརྡ་ཙམ་བསྟན་པ་ལས་ཧ་ལས་མདོག་མ་བྱས་ལ། སྔར་ནས་ཧ་གོ་ཡོད་པས་ཧ་ཡང་མ་ལས།
ངེད་གཉིས་ཀྱིས་དེ་མུར་རིག་གནས་གསར་བརྗེ་ཆེན་མོ་མཇུག་གྲུབ་པའི་རྗེས་དང་།བོད་ལ་དམར་པོའི་སྲིད་ཇུས་ཅུང་ཟད་གུ་ཡངས་བྱུང་བའི་སྐབས་ནས་བཟུང་མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་ཚང་དང་། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་།ཨ་ཁུ་དམུ་དགེ་བསམ་གཏན་ཚང་བཅས་ཀྱིས་གཙོས་པའི་བོད་ཁམས་ཀྱི་མཁས་པ་ལྷག་བསམ་ཅན་ཉུང་ངུ་ཞིག་གིས་རང་རང་གི་མཚན་གནས་དང་བདེ་ཐབས་སོགས་ཡོད་ཚད་བློས་གཏོང་གིས་བོད་ཀྱི་ཤེས་རིག་བསྐྱར་དར་ལ་མཛད་རྗེས་ཇི་ལྟར་བཞག་ཚུལ་ལས་བརྩམས་ཏེ། ཨ་ལགས་བསེ་ཚང་དང་ཨ་ལགས་དོར་ཞི་ཚང་སོགས་ཀྱིས་སྐུ་ཚེ་ཡོངས་རྫོགས་བོད་གངས་ཅན་པའི་ཤེས་རིག་དར་རྒྱས་ལ་བཏང་ཚུལ་གླེང་། གཞིས་ཀྱི་མཁས་པ་དང་བྱེས་ཀྱི་མཁས་དབང་གཉིས་བསྡུར་ཏེ་བོད་ཀྱི་ཤེས་རིག་གི་ལས་དབང་གླེང་འདོད་པའི་གཤིས་ཀ་དེ་ངེད་གཉིས་ཀར་གཅིག་མཚུངས་སུ་ཡོད།
བོད་ནས་བཙན་བྱོལ་དུ་འབྱོར་བའི་ཤེས་ཡོན་པ་ཞིག་ཡིན་ན། (སྟོད་ནས་མར་བརྩིས་ན།) རྡོ་རྗེ་རྒྱལ་པོ་ལགས་དང་། དུང་དཀར་བློ་བཟང་འཕྲིན་ལས་ལགས། ཉན་ཤུལ་མཁྱེན་རབ་འོད་ཟེར་ལགས། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་། ཨ་ཁུ་དམུ་དགེ་བསམ་གཏན་ཚང་སོགས་མི་ཤེས་པ་གཅིག་ཀྱང་མེད། ནམ་ཞིག་ནས་བོད་ཁམས་སུ་སྙན་གྲགས་གསར་པ་ཞིག་རྒྱས་མགོ་ཚུགས་པ་ནི་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་ཚང་དང་། བསེ་ཚང་བློ་བཟང་དཔལ་ལྡན་ཚང་། དོར་ཞི་གདོང་དྲུག་སྙེམས་བློ་ཚང་། ནོར་བྲང་ཨོ་རྒྱན་ལགས། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་སོགས་རེད།
དཔལ་རྒྱལ་བ་ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནས་མཛད་པའི་<<རྗེས་དྲན་ཡིག་ཆུང་>>ཞེས་པ་དེ་གྲོགས་པོས་བསྐུར་བ་བཀླགས་པས། སེམས་སུ་གནོན་མི་ཐུབ་པའི་སྐྱོ་བའམ་སྨྲེང་བ་ཆེན་པོ་ཞིག་སླར་ཡང་བསླངས་སོང་ལ། གདོང་ནས་མིག་ཆུ་ཡང་འཆོར་ལ་ཁད་དུ་བྱས། ཞིབ་འདང་ཞིག་བརྒྱབས་ན། དེ་ནི་ཕ་ཡུལ་གྱི་མཁས་པ་དེ་དག་གིས་འུ་ཚོའི་སེམས་ལ་བག་ཆགས་འཇོག་ཚབས་ཧ་ཅང་ཆེ་བ་དང་། གཞིས་བྱེས་གཉིས་ཀྱི་བར་ཐག་ཧ་ཅང་རིང་བའི་སྟབས་ཀྱིས་ཡིན་པ་འདྲ།

ཨ་ལགས་བསེ་ཚང་འཇིག་རྟེན་འདི་ནས་བཞུད་པ་ནི། རང་ཅག་གངས་ཅན་པ་ལ་མཚོན་ན། གྱོང་གུད་ཆེན་པོ་ཞིག་གི་སྟེ། མཁས་པ་ཆེན་པོ་ཁོང་ལྟ་བུ་རྣམས་ཞལ་བཞུགས་པ་ཙམ་གྱིས་ཀྱང་བོད་ཀྱི་ཤེས་རིག་དང་བོད་མིའི་སྙིང་སྟོབས་གཉིས་ལ་ཕན་ཐོགས་རླབས་ཆེན་འབྱུང་། མཁས་པ་རྒན་པ་རྣམས་བཞུད་ཟིན་པའི་རྗེས་སུ་འུ་ཅག་གིས་ཅི་བྱེད་སྙམ་པ་ནི་ཤེས་ཡོན་པ་ཕལ་མོ་ཆེར་འབྱུང་སྲིད་པའི་གནད་དོན་ཞིག་རེད། བཙན་བྱོལ་འདིར་སྲིད་དོན་གཙོ་བས། ཤེས་རིག་གི་ཕྱོགས་ལ་ཐུགས་སྣང་དེ་ཙམ་མེད་ཀྱང་། མི་རིགས་ཀྱི་འཚོ་གནས་ནི་གཙོ་ཆེར་ཤེས་རིག་ལ་བརྟེན་པ་མ་གཏོགས། སྲིད་དོན་རྐྱང་པས་ནི་མི་རིགས་སྐྱོང་མི་ཐུབ།
སྲིད་དོན་པ་དག་རྙོག་དྲའི་སྒམ་ཆེན་རེད་ལ། མཁས་པ་རྣམས་ནི་ཡོན་ཏན་གྱི་གཏེར་མཛོད་རེད། རྒྱུ་མཚན་དེའི་དབང་གིས། མང་པོ་ཞིག་སྲིད་དོན་པ་ལས་བོད་ཀྱི་ཤེས་རིག་བསྐྱར་དར་ལ་མཛད་རྗེས་ཆེ་བའི་མཁས་པ་རྣམས་ལ་གུས་ཤིང་དུང་། བཙན་བྱོལ་གྱི་སྲིད་དོན་པར་བསྙད་པ་ཕལ་མོ་ཆེས་གཞིས་ཀྱི་མཁས་པ་ཚོའི་མཚན་ཙམ་ཡང་མི་མཁྱེན་པ་དོན་དངོས་ཡིན། མི་རིགས་གཞན་ནི་དེ་ལྟ་མིན།
ངོ་མ་བཤད་ན། དཔལ་རྒྱལ་བ་ཀརྨ་པའི་<<རྗེས་དྲན་ཡིག་ཆུང་>>དེ་བཙན་བྱོལ་དུ་སྤེལ་བའི་མྱ་ངན་ཞུ་ཚིག་ཆེས་དང་པོ་དེ་ཡིན་མིན་མི་ཤེས་ཀྱང་། ངས་མཇལ་བ་ཐོག་མ་ནི་དེ་ཡིན་པས། དཔལ་རྒྱལ་བ་ཀརྨ་པའི་ཐུགས་གཤིས་དང་ལ་རྒྱ། ཐུགས་སྤོབས་སོགས་ལ་སླར་ཡང་སྨོན་པ་ཤོར་ཅིང་། ཁོང་གི་བོད་གཤིས་རྣལ་མ་དེར་སླར་ཡང་རྗེས་སུ་ཡི་རངས་ཞུས། ལར་ནས།<<རྗེས་དྲན་ཡིག་ཆུང་>>དུ་གསལ་བ་ལྟར། ཨ་ལགས་བསེ་ཚང་གི་ཚངས་སྲས་བཞད་པའི་སྒྲ་དབྱངས་ལ་ལྟ་ཀློག་གི་བག་ཆགས་འཇོག་མ་མྱོང་བའི་ད་ལྟའི་བོད་ཀྱི་ཤེས་ཡོན་པ་ཞིག་ཕལ་ཆེར་ཨེ་ཡོད་སྙམ་ཞིང་། ཡུལ་ལ་དྭགས་སོགས་སུ་ཡང་སྙན་གཞུང་དེའི་འཕྲིན་ལས་ཁྱབ་མགོ་ཚུགས་ཡོད་པ་ངས་མྱོང་ཐོག་ནས་ཤེས།
ཨ་ལགས་བསེ་ཚང་འུ་ཅག་དང་ཁ་བྲལ་ཏེ་ཕེབས་ཟིན་ནའང་། ཁོང་གི་ཐུགས་ཀྱི་བཅུད་ཕྱུང་བ་ལྟ་བུའི་གསུང་རབ་རྣམས་ཤུལ་དུ་བཞག་ཡོད་པས། ཇི་སྲིད་བོད་ཀྱི་སྐད་ཡིག་གཉིས་མ་ཉམས་ཀྱི་བར་དུ་ཨ་ལགས་བསེ་ཚང་ཡང་བོད་ཁམས་སུ་གནས་པར་ཐེ་ཚོམ་མེད། དེ་ལྟ་ནའང་། ང་ལྟ་བུའི་ཐ་མལ་པ་རྣམས་དགའ་ས་དང་དུང་སའམ་དད་ས་ངོ་མ་ནི་མིའི་ཤ་ཚུགས་སུ་བྱོན་པའི་ཨ་ལགས་བསེ་ཚང་ཡིན་པས། ཨ་ལགས་བསེ་ཚང་རང་ཅག་དང་ཁ་བྲལ་བ་ལ་མྱ་ངན་དང་གདུང་བ་ལོས་ཡོད།
ཆོས་ཕྱོགས་ནས་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེར་དད་པ་ཞུ་མཁན་བགྲང་གིས་མི་ལང་བ་ཡོད། འོན་ཀྱང་། བོད་མི་མང་པོས་དགའ་མོས་ཤུགས་ཆེར་ཞུ་བའི་རྒྱུ་མཚན་གཅིག་ནི་སྐུ་བཙན་བྱོལ་དུ་བཞུགས་ཀྱང་ཐུགས་གཞིས་སུ་གནས་པ་དེ་རེད། ང་ལ་མཚོན་ན་ཡང་། རྒྱུ་མཚན་གཅིག་དེ་ལོས་ཡིན་ཀྱང་། གཞན་ཞིག་ནི། བོད་ཀྱི་རིག་གནས་དང་སྒྱུ་རྩལ་སོགས་ལ་ཐུགས་སྣང་ཆེན་པོ་གནང་བ་དེ་ཡིན། དེ་དག་ལས་ཀྱང་གཙོ་བོར་གྱུར་པ་ནི། ཁོང་ལ་སྡེ་ཁག་གི་རྒྱ་ལས་བརྒལ་བའི་ཐུགས་སྟོབས་ཡོད་པ་དང་། དངོས་ཡོད་ཀྱི་གནས་ཚུལ་ལ་ངོ་སྲུང་དང་ཟོལ་བཅོས་མི་མཛད་པ་དེ་ཡིན། ངས་ཁོང་གི་གསུང་བཤད་ལ་ཉན་མྱོང་བར་མ་ཟད། སྙན་ངག་ཀྱང་ཀློག་མྱོང་། ཁོང་ལ་བོད་མི་རྣལ་མའི་ཐུགས་གཤིས་ཡག་མོ་ཞིག་བརྟན་ཚུགས་ཀེར་ཡོད་པ་དེ་ཡང་ལན་མང་མཇལ།
ངས་ཨ་ལགས་བསེ་ཚང་ཤེས་ཤིང་ཨ་ལགས་བསེ་ཚང་རྒྱུས་ཡོད་ལྟ་བུར་འགྱུར་བྱེད་ནི། དཔལ་རྒྱལ་བ་ཀརྨ་པ་ཆེན་པོས་གསུངས་པ་ལྟར་ཚངས་སྲས་བཞད་སྒྲ་ཡིན། ཚངས་སྲས་བཞད་སྒྲ་ལ་དུང་བ་ཧ་ཅང་ཟབ། ཟླ་ཤས་གོང་ཚངས་སྲས་བཞད་སྒྲར་སླར་ཡང་ལག་འཇུ་ཐེངས་གཅིག་བྱས། དེ་ནི་ནང་པའི་སློབ་ཆེན་ཞིག་གི་སློབ་ཚན་གསར་བཟོ་ལ་བསྐྱར་ཞིབ་བྱེད་དགོས་བྱུང་བའི་སྐབས་དེ་ཡིན། དེ་དུས་ཀྱང་ཨ་ལགས་བསེ་ཚང་གིས་དེང་རབས་སློབ་མ་རྣམས་གཙིགས་སུ་བཟུང་སྟེ་ཞལ་གསལ་ཞིང་གོ་བདེ་བའི་འགྲེལ་བཤད་གནང་ཡོད་པའི་ཚོར་སྣང་དེ་སླར་ཡང་བྱུང་།
བོད་ཀྱི་མཁས་པ་ཆེན་པོ་ཞིག་འདི་ལྟར་བཞུད་སོང་བ་དང་། ཤུལ་ལུས་མང་པོ་ཞིག་དེ་ལྟར་སྡུག་བསྔལ་གྱི་ཀློང་དུ་ཚུད་ན་ཡང་། མི་རིགས་འདི་ད་དུང་འཚོ་དགོས་པ་དང་། སྐད་ཡིག་འདི་མུ་མཐུད་དུ་གནས་དགོས་པས། རང་ཅག་བོད་ཀྱི་ཤེས་རིག་ལ་དུང་ཞིང་དགའ་བ་ཚོས་འཆད་རྩོད་རྩོམ་གསུམ་ཞེས་ཆེན་པོ་ཆེན་པོ་ཞིག་འཁྱོངས་མིན་མི་ཤེས་ཀྱང་། འབད་པ་ཞིག་ནི་ཅིས་ཀྱང་བྱེད། ཨ་ལགས་ཚང་གིས་དགོངས་རྫོགས་ཀྱང་དེ་ཡིས་ཨེ་འགྲུབ་བལྟ། ཡང་སྤྲུལ་མཁས་ཆེན་ཞིག་སླར་ཡང་འབྱུང་བའི་གསོལ་བ་འདེབས་ཞུ།
མྱ་ངན་གྱི་ཚོར་བ་ངོ་མ་བོ་ཡིག་ཐོག་ཏུ་འབེབས་བསམས་ཀྱང་། བྲིས་ན་རང་ཉིད་དང་རང་ཉིད་ཀྱི་སེམས་ཁམས་ལ་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ཐོན་ཡོང་བས། འདི་ཙམ་ལས་མ་བྲིས།
སྤྱི་ལོ་ 2021 ཟླ་ 9 ཚེས་ 2 ལ།
Comentários